མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ།

(ཨང7པ།)

ལོ་སར་གྱི་གུང་གསེང་མཇུག་རྫོགས་ལ་ཉེ་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་དང་སྡེ་ཚན། ཁེར་གཉེར་བཟོ་ཚོང་བ། སློབ་གྲྭ་བཅས་ལ་སྒྲིག་ཡོད་སྒོས་རྩ་འཛུགས་བྱས་ཏེ་ལས་གཉེར་དང་ཚོང་གཉེར། སློབ་ཁྲིད་ཀྱི་མགོ་བརྩམ་དགོས་པར་མ་ཟད། བདེ་ཐང་འགོག་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། འབྲེལ་ཡོད་ལས་རིགས་སོ་སོའི་གཙོ་གཉེར་སྡེ་ཁག་གིས་ས་གནས་ཀྱི་རིམས་འགོག་གནས་ཚུལ་དངོས་ལ་གཞིགས་ཏེ་ལས་གཉེར་གྱི་མགོ་རྩོམ་པའི་ཆ་རྐྱེན་གཏན་ལ་དབབ་དགོས། མཚོ་སྔོན་དུ་ཚུར་ཡོང་བའམ་ཕྱིར་ལོག་པའི་མི་སྣ་ཡོད་ཚད་ལ་ཁྱིམ་དུ་ལོགས་བཀར་གྱིས་གསོ་རིག་ལྟ་དཔྱད་བྱེད་པ་སོགས་ཀྱི་ཐབས་བཀོད་གཟབ་ནན་སྒོས་དོན་འཁྱོལ་བྱས་ཏེ། ལས་གཉེར་དང་ཚོང་གཉེར། སློབ་ཁྲིད་བཅས་སྒྲིག་ཡོད་བདེ་འཇགས་ངང་མགོ་རྩོམ་པར་ཁག་ཐེག་བྱ་དགོས། ད་ལྟ་རང་ཞིང་གི་འབྲེལ་ཡོད་ཁེ་ལས་དང་ཁེར་གཉེར་བཟོ་ཚོང་བས་ལས་གཉེར་དང་ཚོང་གཉེར་བྱེད་མགོ་རྩོམ་པ་དང་རིམ་པ་སོ་སོའི་སློབ་གྲྭ་འདྲ་མིན་གྱིས་སློབ་མགོ་རྩོམ་པའི་ཐད་ལ“མི་ཆོག་པ་དྲུག”གི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག རི་སྐྱེས་སྲོག་ཆགས་ཉོ་ཚོང་གི་བྱེད་སྒོ་འདྲ་མིན་གཏན་ནས་སྤེལ་མི་ཆོག རང་ཞིང་གིས་འབོད་སྐུལ་རིམ་པ་དང་པོ་དང་དུ་ལེན་བཞིན་པའི་སྐབས་སུ། ཞིང་ཆེན་ནང་ཁུལ་གྱི་མེ་ཏོག་དང་བྱ་རིགས། ཉ་རིགས། འབུ་རིགས་བཅས་འཚོང་སའི་ཁྲོམ་ར་དང་། གཅེས་ཉར་སྲོག་ཆགས་ཚོང་ཁང་། བཟའ་བཏུང་སྡེ་ཚན་ཆེ་འབྲིང་། ལུས་འཁྲུད་ལྟེ་གནས། སྤྱི་པའི་ཁྲུས་ཁང་། ཆུ་རྐྱལ་ཁང་། ཁང་ནང་ལུས་རྩལ་ར་བ་བཅས་དང་། དེ་མིན་ཇ་ཁང་དང་ཆང་ཁང་། དྲ་ཁང་། གློག་བརྙན་ཟློས་གར་ཁང་། སྟེགས་གྲུག་རྩེད་ར། མིག་མངས་འགྲིག་ཤོ་རྩེད་ར། གློག་ཆས་རྩེད་ཁང་། KTVསོགས་མི་སྣ་འདུ་འཛོམས་ཆེ་བའི་ཚོང་གཉེར་བྱེད་ས་གཅིག་གིས་ཀྱང་ཚོང་གཉེར་བྱེད་མགོ་རྩོམ་མི་ཆོག

གཉིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་སྣ་དང་གྲོན་དངུལ། དངོས་ཟོག་བཅས་དོན་ཐོག་ཏུ་འཁྱོལ་མེད་ཅིང་། ནང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལམ་ལུགས་དང་ཇུས་གཞི་འཐུས་ཚང་མིན་པ། ལས་བཟོ་པའི་བདེ་ཐང་འགོག་སྲུང་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་བཀོད་གནད་ལ་ཁེལ་མེད་པའི་ཁེ་ལས་གཅིག་གིས་ཀྱང་ལས་གཉེར་བྱེད་མགོ་རྩོམ་མི་ཆོག

གསུམ། ཞིང་ཆེན་སློབ་གསོ་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་སློབ་མགོ་རྩོམ་པའི་དུས་ཚོད་གཏན་ཁེལ་མ་བྱས་པའི་སྔོན་ལ། རིམ་པ་སོ་སོའི་སློབ་གྲྭ་རིགས་འདྲ་མིན་དང་གསོ་སྦྱོང་ལས་ཁུངས་སོ་སོས་གསབ་སྦྱོང་དང་དོགས་གཞིར་ལན་འདེབས་པ། ཟུར་ཁྲིད་སོགས་ཡུལ་དངོས་སུ་འདུ་འཛོམས་བྱ་དགོས་པའི་སློབ་ཁྲིད་བྱེད་སྒོ་སྣ་ཚོགས་ཅི་ཡང་སྤེལ་མི་ཆོག་ཅིང་རང་དགར་གྱིས་སློབ་མགོ་ཡང་རྩོམ་མི་ཆོག

བཞི། མེ་གསོད་བདེ་འཇགས་དང་ཉེན་མེད་ཐོན་སྐྱེད་ཐད་དུ་གནས་པའི་མངོན་མེད་རྐྱེན་ངན་དག་ཐེར་བྱས་ཚར་མེད་པ་དང་། གཏན་འབེབས་ལྟར་མེ་གསོད་བདེ་འཇགས་དང་ཉེན་མེད་ཐོན་སྐྱེད་ལ་རྩིས་ལེན་རེ་ཞུའི་འགྲོ་ལུགས་བསྒྲུབས་མེད་པའི་ཁེ་ལས་དང་། གཏན་འབེབས་ལྟར་དུག་སེལ་སོགས་རིམས་འགོག་ཐབས་བཀོད་ལག་བསྟར་བྱས་མེད་ཅིང་། རླུང་རྒྱུ་བའི་ཆ་རྐྱེན་ལེགས་པོ་མེད་པའི་ས་འོག་གི་ཚོང་ར་སོགས་ཐོན་སྐྱེད་དང་ཚོང་གཉེར་བྱེད་ས་གཅིག་གིས་ཀྱང་ལས་གཉེར་དང་ཚོང་གཉེར་བྱེད་མགོ་རྩོམ་མི་ཆོག

ལྔ། ལས་བཟོ་པའི་བདེ་ཐང་གནས་ཚུལ་དང་རིམས་ནད་མཆེད་སྐབས་ཀྱི་འགྲོ་འོང་བྱས་པའི་ལམ་ཐིག་སོགས་གཞི་རྩའི་ཆ་འཕྲིན་གཙང་བཤེར་དང་ཐོ་འགོད་བྱས་པ་ཆ་མི་ཚང་བ་དང་། གཏན་འབེབས་ལྟར་མི་སྣའི་ཆ་འཕྲིན་ཐོ་འགོད་སྙན་སེང་ཞུས་མེད་པ་དང་། ལས་གནས་སུ་མ་ཞུགས་གོང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་གསོ་སྦྱོང་བྱས་མེད་ཚེ། གཅིག་གིས་ཀྱང་ལས་གཉེར་དང་ཚོང་གཉེར་བྱེད་མགོ་རྩོམ་མི་ཆོག

དྲུག བླང་བྱ་ལྟར་ཁེ་ལས་དང་སྡེ་ཚན། ཚོང་གཉེར་བྱེད་ས་སོགས་ཀྱིས་མཚོ་སྔོན་དུ་ཚུར་ཡོང་བའམ་ཕྱིར་ལོག་པའི་ རང་རང་གི་ལས་གཉེར་མི་སྣར་ཁྱིམ་དུ་ལོགས་བཀར་གྱིས་ཉིན14ལ་གསོ་རིག་ལྟ་དཔྱད་བྱེད་པའི་ཐབས་བཀོད་དོན་འཁྱོལ་མ་བྱས་ཚེ། གཅིག་གིས་ཀྱང་ལས་གཉེར་དང་ཚོང་གཉེར། སློབ་ཁྲིད་བཅས་བྱེད་མགོ་རྩོམ་མི་ཆོག

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ2པའི་ཚེས2ཉིན།