ཝང་ཅིན་ཅུན་གྱིས་སྡོད་ཁུལ་དང་གྲོང་ཚོའི་རིམས་འགོག་ཚོད་འཛིན་གཙིགས་སུ་འཛིན་དགོས་པ་ནན་གྱིས་བསྟན།

ཟླ1ཚེས30ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ཝང་ཅིན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་སྡོད་ཁུལ་དང་གྲོང་ཚོའི་ཏོག་དབྱིབས་ནད་དུག་གི་རིམས་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བར་ལྟ་སྐུལ་འཁྲིད་སྟོན་བྱས་པ་མ་ཟད། སྨན་ལས་ཁེ་ལས་ཀྱི་རིམས་འགོག་ཚོད་འཛིན་ཐད་ཀྱི་སྨན་སྣ་མཁོ་འདོན་དང་། ཉར་གསོག ཐོན་སྐྱེད་ལ་སོགས་པར་རྟོག་ཞིབ་མཛད། ཁོས་འདི་སྐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆིང་གི་སློབ་སྟོན་དང་མཆན་འགོད་གལ་ཆེན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་འཐབ་རགས་དང་གདོང་ལེན་གྱི་མིག་དཔེའི་ནུས་པ་བཏོན་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྡོད་ཁུལ་དང་གྲོང་ཚོའི་རིམས་འགོག་ཚོད་འཛིན་བྱ་བ་གཙིགས་སུ་བཟུང་ནས་རིམས་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་དང་། རིམས་འགོག་ཚོད་འཛིན་གྱི་འདུ་ཤེས་ཇེ་ཆེར། རིམས་འགོག་ཚོད་འཛིན་གྱི་ནུས་པ་མཐོར་འདེགས། རིམས་འགོག་ཚོད་འཛིན་གྱི་འབྲས་བུ་མཉམ་སྤྱོད་ཐུབ་པ་བྱ་དགོས་ཞེས་ནན་གྱིས་བསྟན།

ཁོང་གིས་ནད་ཡམས་ཀྱིས་མིའི་ཉམས་ཚོད་ལེན་ཐུབ་ལ། མིར་སྦྱོང་བརྡར་ཡང་བྱེད་ཐུབ། སྡོད་ཁུལ་ནི་ནད་ཡམས་ཚོད་འཛིན་གྱི་གནད་ས་ཡིན་པས། བྱེད་ཐབས་ཅི་་ལྟར་འགྲིག་ན་ལས་ཀ་དེ་ལྟར་སྒྲུབ་སླ། ལྷག་པར་སྡོད་ཁུལ་གྱི་གནས་ཚུལ་མཐིལ་རྟོགས་དང་དྲ་མིག་རང་བཞིན་གྱི་དོ་དམ་དགེ་མཚན་གང་ལེགས་བཏོན་ནས་ཞིབ་བཤེར་མཐིལ་ལོན་དང་དུས་ཐོག་ཆ་འཕྲིན་ལ་རྟག་པར་ཡིད་འཇོག་བྱས་ནས་ནད་གཞི་འགོས་ཁྱབ་སྔོན་འགོག་གི་བྱ་བ་དམ་འཛིན་ནན་འཛིན་བྱ་དགོས་ཞེས་བསྟན།

རྟ་ཐང་ཧོར་རིགས་རང་སྐྱོང་རྫོང་ཧོང་ཅ་ཀྲའེ་གྲོང་བརྡལ་ཡང་ཅ་གྲོང་ཚོར་བསྐྱོད་དེ་གྲོང་ཚོས་རིམས་འགོག་ཚོད་འཛིན་དང་ཤེས་བྱ་དྲིལ་སྒྲོག་ལ་སོགས་ཀྱི་བྱ་བ་དམ་འཛིན་བྱས་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཛ་དྲག་གི་སྐབས་འདིར་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ལྷན་གྱིས་ཏང་ཡོན་གྱི་འགན་འཁྲི་ཁུར་ལེན་དང་ གདོང་ལེན། མིག་དཔེ་ཡི་ནུས་པ་བཏོན་ནས་འཐབ་ས་དང་པོ་རུ“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་མངོན་ཐུབ་པ་བྱ་དགོས། སྡེ་མི་སྒྲིག་འཛུགས་ཐོག་དངངས་སྐྲག་ཞི་བར་བཏང་སྟེ་མི་སྒེར་ནས་འཚོ་བའི་གཙང་སྦྲ་དང་སྤྱི་གཞུང་གི་འཕྲོད་བསྟེན་ཡག་པོར་གོམས་པ་ལ་འཁྲིད་ཡག་པོ་བྱས་ནས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་དང་། ཚན་རིག་ཤེས་བྱ་ལ་ཡིད་ཆེས། ནད་ཡམས་ལས་རྣམ་པར་རྒྱལ་བར་ཡིད་ཆེས་ཡོད་དུ་འཇུག་དགོས་ཞེས་བརྗོད།

དེ་མིན་རྒྱལ་ཁབ་སྨན་རྫས་མ་རྐང་ཚོད་འཛིན་མཚོ་སྔོན་ཚད་ཡོད་ཀུང་སིའི་མཛོད་ཁང་དང་། མཚོ་སྔོན་ཝན་ཧྥུ་ཁང་སྨན་ལས་ཚད་ཡོད་ཀུང་སི་བཅས་སུ་བསྐྱོད་དེ་རིམས་འགོག་གི་མཁོ་བསྟུན་དངོས་ཟོག་གསོག་ཉར་བྱས་ཚུལ་དང་དུག་སེལ་སྨན་རྫས་ཐོན་སྐྱེད་གྲབས་གསོག་ལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་མཛད། ཁོང་གིས་འདི་སྐད། ཕྱོགས་སོ་སོའི་ཐོན་ཁུངས་སྐོང་འཐེན་དང་། མཛོད་ཁང་གི་དངོས་ཟོག་གསོག་ཉར་དང་ཐོན་སྐྱེད་ལ་ཤུགས་བསྣན་ཏེ། རྒྱུ་སྤུས་བཟང་ལ། གོང་ཚད་འོས་ཤིང་འཚམ་པའི་སྒོ་ནས་ཁྲོམ་རའི་མཁོ་དགུ་མཁོ་འདོན་དང་མང་ཚོགས་ཀྱི་དགོས་མཁོ་བསྐང་པར་དམ་འཛིན་བྱས་ནས་དམིགས་བསལ་གྱི་དུས་སྐབས་འདིར་མཚོ་སྔོན་ལ་བྱས་རྗེས་དམིགས་བསལ་འཇོག་དགོས་པ་ནན་གྱིས་བསྟན།

ཁོན་ཐར་འཚོས་བསྒྱུར།