[ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ]མཚོ་སྔོན་ནས་ཁ་རས་གོང་ཆེན་བཙོང་མཁན་སྨན་རྫས་ཚོང་ཁང་ཞིག་རྩད་ཆོད།

ཟླ1ཚེས23ཉིན། མང་ཚོགས་དྲ་ཚིགས་ཞེས་པའི་ཐོག་ཞུ་གཏུག་བྱེད་མཁན་ཞིག་གིས་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་ཁུལ་གསར་གྱི་ཁང་ཏིན་སྨན་རྫས་ཚོང་ཁང་ཆེ་མོ་ནས3Mཅན་གྱི་ཁ་རས་ཞིག་ཉོས་པ་སྒོ་རྩིས་ཚོང་ཁང་གི་གོང་ཚད་ལས་མཐོ་དྲག་པའི་གནས་ཚུལ་སྤེལ་འདུག ཞུ་གཏུག་དེ་འབྱོར་རྗེས། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་པ་འཕྲལ་མར་སྨན་རྫས་ཚོང་ཁང་དེར་མངགས་ཏེ་རྩད་གཅོད་ཞིབ་བསྡུར་བྱས་པ་ན།  མཚོ་སྔོན་ཞིན་ཧི་སྨན་རྫས་མུ་འབྲེལ་ཚད་ཡོད་ཀུང་སིའི་ཁང་ཏིན་སྨན་རྫས་ཚོང་ཁང་ཆེ་མོ་དེས་ཟླ1ཚེས22ཉིན་ནས23ཉིན་བར་ལ་ཁ་རས་རེར་སྒོར30ནས35ཡི་གོང་ཚད་མི་འདྲ་གཉིས་ཕྱེས་ནས3M9001རྟགས་ཅན་གྱི་ཁ་རས71སྒོར2285ལ་བཙོང་བ་རྩད་ཆོད་བྱུང་བ་དང་ཆབས་ཅིག ཁ་རས་དེར་ཐོན་རྫས་སྤུས་ཚད་ཞིབ་བཤེར་གྱི་ཚད་ལྡན་དཔང་ཡིག་མེད་ཅིང་། གཏན་འབེབས་ཀྱི་ཚད་ལྡན་རིན་གོང་མེད་པའི་མི་ཚད་རྟགས་དེ་ཅན་གྱི་ཁ་རས་ནང་འདྲེན་དང་རིན་གོང་སོགས་ཀྱི་ཚད་ལྡན་དཔང་ཡིག་སོགས་ཅི་ཡང་སྟོན་རྒྱུ་མ་བྱུང་། བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《རིན་གོང་གི་ཁྲིམས་འགལ་བྱ་སྤྱོད་ཐད་ཀྱི་ཆད་གཅོད་གཏན་འབེབས》《ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་རིམས་འགོག་ཉེར་སྤྱོད་ཡོ་ཆས་ཀྱི་ཁྲོམ་རའི་རིན་གོང་གི་སྒྲིག་སྲོལ་བརྟན་སྲུང་བྱ་བའི་སྐོར་གྱི་སྤྱི་བསྒྲགས》(2020ལོའི་ཡིག་ཆ་ཨང3པ)དང་འགལ་བར་མ་ཟད། ཐབས་ལ་བརྟེན་ནས་ཁ་རས་ཀྱི་ཁྲོམ་རའི་རིན་གོང་བསམ་བཞིན་དུ་ཇེ་མཐོར་བཏང་བ་ལ་སོགས་ཉེས་དམིགས་ལྡན་པས། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྲིད་འཛིན་ནས་འོས་བབ་ཀྱི་ཆད་པ་ནན་མོ་གཅོད་རྒྱུ་ཐག་བཅད་ཡོད་པ་རེད།

ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱ་བ་དང་། ཚོང་པའི་རིན་གོང་ཚད་ལྡན་དུ་གཏོང་བ། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་བཞིན་སྲུང་ཐུབ་པ་བཅས་ཀྱི་ཆེད་དུ། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁ་རས་དང་སྨན་རྫས་སོགས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལ་འབྲེལ་བའི་ཐོན་རྫས་ཀྱི་རིན་གོང་ལ་ཞིབ་བཤེར་སྐོར་ཞིབ་བྱས་ནས་རིན་གོང་ཇེ་མཐོར་གཏོང་བ་དང་ཆ་འཕྲིན་རྫུན་སྒྲོག་ལ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་རྒྱུ་རེད། ས་གནས་ཁག་གི་ལྟ་སྐུལ་སྡེ་ཚན་གྱིས་ཀྱང་རིམས་ནད་སྐོར་གྱི་གནས་ཚུལ་ལ་དོ་སྣང་དང་། རིན་གོང་ཐད་ཀྱི་ཁྲིམས་འགལ་ལུགས་མིན་དམ་འཛིན་ནན་འཛིན་བྱས་ནས་ཁྲོམ་རའི་སྒྲིག་ལམ་མི་འཆོལ་བར་འགན་སྲུང་བྱ་དགོས། དེ་བཞིན་དུ་རྒྱ་ཆེའི་འཛད་སྤྱོད་པ་རྣམས་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་དེ་སྐོར་ལ་ལྟ་རྟོག་བྱ་རྒྱུ་ཧ་ཅང་གལ་ཆེ། གལ་ཏེ་རིན་གོང་མཐོན་པོ་འཚོང་མཁན་ལ་འཕྲད་ན་ཁ་པར་ཨང་གྲངས12315ལ་སྦྲེལ་ནས་ཞུ་གཏུག་བྱས་ཆོག

ཁོན་ཐར་འཚོས་བསྒྱུར།