ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ཐད་ནས་བྱ་བ་བཀོད་སྒྲིག་བརྒྱབ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ཝང་ཅིན་ཅུན་གྱིས་གཙོ་སྐྱོང་མཛད་དེ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་ཐོག་ཏུ་ཚང་མས་ཞིང་ཆེན་ཡོངས་ཀྱི་ཏོག་དབྱིབས་ནད་དུག་ཅན་གྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱས་པའི་སྙན་ཞུ་ལ་ཉན་པ་མ་ཟད། དེང་གི་ཆར་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ཐད་ནས་ལས་ཀ་བཀོད་སྒྲིག་མཛད། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་དང་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ལིག་ཉིང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་ཁུང་ཡོང་བཅས་ཚོགས་ཐོག་ཏུ་ཞུགས།

ཚོགས་ཐོག་ཏུ་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཚད་མེད་གནང་ངོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་མུར་སློབ་སྟོན་མཆན་འགོད་གལ་ཆེན་མཛད་པ་དང་། ཙུང་ལི་ལི་ཁེ་ཆིང་གིས་མཆན་བཀོད་བླང་བྱ་གལ་ཆེན་བཏོན་ཡོད་ལ། དེ་ནི་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་ཐུགས་ཁུར་དང་མཐོང་ཆེན། འགན་འཁྲི་ཁུར་དུ་བླངས་པའི་མཚོན་རྟགས་ཤིག་རེད། དེ་བཞིན་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆིང་རྣམ་གཉིས་ཀྱི་སློབ་སྟོན་དང་མཆན་བཀོད་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་བཅས་རྩ་བའི་སྲུང་བྱར་བཟུང་སྟེ། རིམས་ནད་འགོས་ཁྱབ་ཏུ་འགྲོ་བར་འགོག་བཅོས་ཧུར་ཐག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་འགན་སྲུང་མཐའ་གཅིག་ཏུ་བྱེད་དགོས་པ་བསྟན།

གྲོས་ཚོགས་ཐོག་ཏུ་རང་རེའི་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། འགོ་ཁྲིད་སྒྲིག་འཛུགས་དང་འཕྲལ་སྡོམ་ལས་རེས། རིམས་ནད་ལྟ་བཤེར་དང་ཚད་ལེན། ཇུས་གཞི་གཏན་འབེབས། དྲིལ་སྒྲོག་ཟབ་སྦྱོང་། ལྟ་སྐུལ་འཁྲིད་སྟོན་དང་ཞིབ་བཤེར། དངོས་ཟོག་གྲབས་གསོག་བཅས་ལ་ཤུགས་བསྣན་ནས་གོ་རིམ་དང་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་གཙིགས་སུ་འཛིན་དགོས། ད་སྔ་རྒྱལ་ཡོངས་ཀྱི་རིམས་ནད་མཆེད་ཚུལ་ད་དུང་བཀག་འགོག་ཐུབ་མེད་པ་མ་ཟད། མཚོ་སྔོན་ཡང་སྔོན་འགོག་ཚོད་འཛིན་གྱི་རིམ་པ་ནས་ཐག་གཅོད་ཟུང་འཛིན་གྱི་ཚུལ་ལ་ལྷུང་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཁེ་ཆིང་གི་མཆན་བཀོད་བླང་བྱ་གལ་ཆེན་གཉིས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་འགན་སྲུང་གི་འགན་འཁྲི་དུས་དང་རྣམ་པ་ཀུན་དུ་འཁུར་དུ་འཁྱེར་ལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་བྱ་བར་བློ་རིག་གཅིག་ཏུ་སྒྲིམ་ནས་དཀའ་རྙོག་ཆེན་པོར་གདོང་གཏད་ཐུབ་པ་ཞིག་བྱ་དགོས་པ་ཐུན་མོང་ཐོག་ངོས་འཛིན་བྱུང་བ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་སྤྱི་གཞུང་འཕྲོད་བསྟེན་ལས་གློ་བུར་བའི་དོན་རྐྱེན་ཚབས་ཆེན་བྱུང་སྐོར་གྱི་དང་ལེན་ལམ་སྲོལ་རིམ་པ་དང་པོའི་བླང་བྱ་ལྟར་དུ། ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བཀོད་འདོམས་པུའུ་བཙུགས་ཏེ། ཏང་སྲིད་འགོ་ཁྲིད་ཀྱིས་བཀོད་འདོམས་དང་། བཀོད་འདོམས་པུའུ་ཡིས་མཐུན་སྦྱོར་ལག་བསྟར། སྡེ་ཚན་ཁག་གིས་མཉམ་འབྲེལ་མཉམ་ལས། སྤྱི་ཚོགས་སུ་སྐུལ་སློང་རྒྱ་ཆེན། སྨན་ཁང་གི་ཆེད་མཁས་པའི་ཁག་འཁུར་དང་ལེན་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་བཟོས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དགོས་པ་དང་།  ཏང་སྲིད་འགོ་ཁྲིད་ཀྱིས་ལས་གནས་བརྟན་སྲུང་། འཐབ་ས་དང་པོར་ཐོན་ཐུབ་པ། ས་སྲུང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་དགོས། བཀོད་འདོམས་པུའུ་ཡིས་སྨན་བཅོས་ཐོན་ཁུངས་དང་། འགོག་བཅོས་དངོས་ཟོག མི་སྣའི་སྟོབས་ཤུགས་ཐད་ཀྱི་གཅིག་གྱུར་སྡེབ་སྒྲིག་གི་འགན་འཁུར་དགོས་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་སྲུང་དང་ཞབས་ཞུ་དགོས་ངེས་ལྟརམཁོ་འདོན་བྱ་དགོས་པ་ཡང་ནན་གྱིས་བསྟན་ཡོད་པ་རེད།

གྲོས་ཚོགས་ཐོག ཚན་རིག་དང་མཐུན་ལ། ཁྲིམས་ལུགས་དང་བསྟུན་པ། ཚད་ལྡན་ཡིན་ལ་ཕན་ཕྱོད་ཆེ་བ་བཅས་ཀྱི་རྩ་དོན་ཐོག་ནས་དང་ལེན་ལམ་སྲོལ་རིམ་པ་དང་པོའི་གོ་རིམ་ལྟར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཙོ་ཁག་དང་། གནད་འགག་གི་གནས། ཁྲོམ་འདུ་ཆེན་པོ་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན། འཕྲལ་བཅོས་ལ་ཤུགས་བསྣན་ཏེ། རིམས་ནད་འགོག་བཅོས་བྱ་བ་འཐུས་ཤོར་མེད་པ་བསྒྲུབ་ནས་རིམས་ནད་འགོག་ཐུབ་ལ། ཚོད་འཛིན་བདེ་བ། སྔ་མོར་སྨན་བཅོས་ཐུབ་པ་ཞིག་བཟོ་དགོས། ས་གནས་ཁོངས་གཏོགས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྒྲིག་ཁྲིམས་བླང་བྱ་ལྟར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་བྱ་བར་བློ་གཅིག་ཏུ་སྒྲིམ་ནས་རིམས་ནད་འགོས་ཁྱབ་ཏུ་འགྲོ་བའི་གནད་འགག་གི་དུས་དང་གནས་རེ་རེར་དུས་ངེས་མེད་ཤར་མར་ཐོན་ཐུབ་པར་སྟ་གོན་ཡོད་དགོས། འགོག་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ་ཚན་རིག་ཤེས་བྱ་དྲིལ་སྒྲོག་བྱས་ནས་དམངས་ཡོངས་ལ་སྐུལ་སློང་དང་། ལས་ཀའི་འགན་འཁྲི་མི་རེ་རེའི་ཕྲག་ཏུ་དཀྲི་ནས་སྤྱི་གཞུང་གི་བྱེད་སྒོ་ཆེ་རིགས་མེད་པར་བཟོ་དགོས་པ་མ་ཟད་དེ་སྐོར་གྱི་དྲིལ་སྒྲོག་མཚམས་འཇོག་ཏུ་འཇུག་དགོས། ཞིང་ཆེན་རིམ་པའི་ཆེད་མཁས་འཕྲལ་དུ་སྒྲིག་འཛུགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱས་ཚུལ་ལ་སྐོར་ཞིབ་འཁྲིད་སྟོན་དང་། སྨན་ཁང་གི་ལས་རིམ་དང་ནད་བཅོས། མང་ཚོགས་ཀྱི་རང་ལུས་གཅེས་སྲུང་དང་དོགས་ཟོན་བྱེད་ཕྱོགས་བཅས་ཀྱི་སྐོར་ནས་འཁྲིད་སྟོན་ཡག་པོ་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཆ་འཕྲིན་ཡང་དག་དུས་ཐོག་ཏུ་བསྒྲག་ནས་མང་ཚོགས་ཀྱི་གླེང་ཕྱོགས་ལ་འཁྲིད་སྟོན་ཡག་པོ་བྱ་དགོས་པ་དང་། ནང་དོན་ལ་འཐུས་ཤོར་རམ་ཡང་ན་གནས་ཚུལ་རྫུན་མའི་སྐོར་རིང་དུ་དོར་ནས་མང་ཚོགས་ཀྱིས་དོ་ཁུར་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་སྐོར་ཕྱི་གསལ་ནང་གསལ་གྱིས་ལན་ཡག་པོ་བརྒྱབ་ནས་མང་ཚོགས་དང་སྤྱི་ཚོགས་ལ་ནད་དུག་འགོག་བཅོས་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་བསྩལ་དགོས།འཕྲལ་སྡོམ་ལས་རེས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མཁོ་བསྟུན་མྱུར་སྒྲུབ་ཀྱི་དངོས་ཟོག་གྲབས་གསོག་ལ་ཤུགས་བསྣན་དང་བཅོས་སྐྱོབ་ལ་སྟབས་བདེ་བཟོ་དགོས་པ་དང་། རིམས་ནད་བྱུང་བའི་ཁོལ་གཅོད་མི་སྣའི་སེམས་ཁམས་ཡག་པོ་གསོས་ནས་སྤྱི་ཚོགས་གཏན་འཇགས་ལ་འགན་ལེན་བྱ་དགོས། ཏང་ཀྲུང་དབྱང་གི་བཀའ་དང་དུ་བླངས་ནས་ཧུའུ་པའེ་ཡི་རིམས་ནད་འགོག་བཅོས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་སྤུན་ཟླ་ཞིང་ཆེན་བར་འབྲེལ་བ་དམ་པོ་བྱས་ནས་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་དང་། ཉམས་མྱོང་ལ་ཟུར་ལྟ། བྱེད་ཐབས་མཉམ་སྤྱོད་བྱས་ནས་ཆེ་ཕྱོགས་ནས་མཉམ་འབྲེལ་འགོག་བཅོས་ཐུབ་པའི་བྱ་བར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།