ལིག་ཉིང་གིས་ལོ་གསར་སྐབས་ཀྱི་ལས་རེས་ལས་སྲུང་པ་རྣམས་ལ་འཚམས་འདྲི་གནང་འདུག



        ཟླ1ཚེས24ཉིན་ཏེ་གནམ་གང་གི་ཞོགས་པ་སྔ་མོར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་ཞིང་ཆེན་སྲིད་གཞུང་གི་སྤྱི་ཁྱབ་ལས་རེས་ཁང་དང་དྲག་ཆས་ཉེན་རྟོག་ལས་སྲུང་པ། སྲུང་སྐྱོང་ཁྲུའུ། ཁྲོ་ཐབ་ཁང་། གཞུང་དོན་ལས་སྲུང་ཚན་ཁག་གི་ལས་སྲུང་ལས་རེས་པ་རྣམས་ལ་འཚམས་འདྲི་ཕེབས་པར་མ་ཟད། ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས།

ལིག་ཉིང་ཞིང་ཆེན་སྲིད་གཞུང་གི་སྤྱི་ཁྱབ་ལས་རེས་ཁང་དུ་ཕེབས་ནས་ལས་རེས་པ་རྣམས་ལ། ད་ལྟ་འགོས་ཁྱབ་ཆེ་བའི་བློ་ཚད་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ཧ་ཅང་གལ་གནད་ལ་ཐུག་ཡོད་པས། ཞིང་ཆེན་སྲིད་གཞུང་སྤྱི་ཁྱབ་ལས་རེས་ཁང་ནི“ཆ་འཕྲིན་ལྟེ་གནས”ལྟ་བུ་སྟེ་གནས་ཚུལ་ཡར་ཞུ་མར་བསྒྲགས་དང་། གཞི་རིམ་གནས་ཚུལ་གོང་རིམ་ལ་ཞུ་བ། ཉེར་བསྟུན་འཕྲལ་སྒྲུབ་ལ་སོགས་ཀྱི་ལས་འགན་གལ་ཆེན་འཁུར་དུ་བླངས་ཡོད་པས། “ལས་རེས་ཟུང”གི་ལམ་ལུགས་ལག་བསྟར་དོན་འཁྱོལ་དང་། ཆུ་ཚོད24ནང་རིམས་ནད་སྐོར་གྱི་གནས་ཚུལ་གསར་པར་དོ་སྣང་ཆེན་པོ་བྱས་ནས་ཆ་འཕྲིན་རེ་རེ་ཡིག་ངོར་ཕབ་ནས་སྙན་ཞུ་རྒྱག་དགོས་པ་མ་ཟད། དུས་ངེས་མེད་ནང་ལྟ་བཤེར་ཐུབ་པ་བྱས་ཏེ་ལས་ཀ“གཟབ་ནན་ཡིན་ལ། འགན་འཁྲི་ནན་སྲུང་། ལག་བསྟར་མྱུར་བ། ཕན་ཕྱོད་ཆེ་བ”ཞིག་བསྒྲུབ་ནས་རང་རེའི་ཞིང་ཆེན་གྱི་སྤྱི་གཞུང་གི་དོན་རྐྱེན་གློ་བུར་བ་བྱུང་བ་དག་ཐག་གཅོད་ཡག་པོ་ཐུབ་པའི་ནུས་པ་དང་ཆུ་ཚད་མུ་མཐུད་ནས་ཇེ་མཐོར་གཏང་དགོས་ཞེས་བསྟན།

ལིག་ཉིང་ཞིང་ཆེན་སྲིད་གཞུང་གི་ལས་སྲུང་རུ་འབྲིང་གཉིས་པར་བཅའ་སྡོད་བྱས་པའི་དྲག་ཆས་ཉེན་རྟོག་པའི་ལས་སྲུང་ས་ཚིགས་ཁག་ཏུ་ཕེབས་ནས་དཔོན་དམག་གི་གྲང་འགོག་དྲོད་སྲུང་དང་། ཉིན་རྒྱུན་གྱི་སྦྱོང་བརྡར། རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འགན་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས། ཚང་མས་ལས་རེས་ལས་སྲུང་གི་ལས་ཀ་ཡག་པོ་བསྒྲུབ་དུས་རང་ཉིད་ཀྱི་དྲོད་སྲུང་གྲང་འགོག་ལ་དང་དོད་ཡག་པོ་བྱ་དགོས་ཞེས་མངག་བཅོལ་ནན་མོ་བྱས།



ཁྲོ་ཐབ་ཁང་དང་སྲུང་སྐྱོང་ཁྲུའུ། གཞུང་དོན་ཚན་ཁག་བཅས་སུ་ལིག་ཉིང་གིས་ཚང་མར་ལག་འཇུ་བྱས་ནས་འཚམས་འདྲི་གནང་། ཁོས་འདི་སྐད། ཁྱེད་ཅག་གིས་སོ་སོའི་ལས་རྐང་དུ་རང་འགན་ཁུར་དུ་བླངས་ཏེ། སྲིད་གཞུང་གི་ལས་ཀ་ཁག་སྤེལ་བར་འགན་སྲུང་ཆེན་པོ་ཞིག་བྱས་ཡོད། ཚང་མས་ལས་གནས་ལ་བརྩི་འཇོག་དང་། འགན་འཁྲི་ལྷུར་ལེན། ཚད་ལྡན་ལག་བསྟར། ཚན་རིག་དང་མཐུན་པའི་དོ་དམ་སོགས་བྱས་ནས་ལས་ཀའི་ལས་རིམ་ལྟར་སྐོར་ཞིབ་དང་། བདེ་འཇགས། གཙང་སྦྲ་ལ་སོགས་ཀྱི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས་ཞེས་བསྟན།

ཞིང་ཆེན་སྲུང་གཞུང་གི་འགོ་གཙོ་གཞོན་པ་ཀྲང་ལི་ཁོང་དང་ལྷན་དུ་འཚམས་འདྲི་ལ་བསྐྱོད་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།