མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་དེ་མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་ཧེ་བག་ཡོད་པར་ལྟ་སྟངས་ཡང་དག་ཇི་ལྟར་བྱེད་དགོས་སམ།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60རིང་གི་འཕེལ་རྒྱས་བརྒྱུད་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་། འོན་ཀྱང་ས་བབ་ཆ་རྐྱེན་ཚད་བཀག་དང་། འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ། ཁྲོམ་རའི་གསར་སྤེལ་གྱི་ཆ་རྐྱེན་ཞན་པ། རང་ངོས་འཕེལ་རྒྱས་གཏོང་ནུས་ཞན་པ་སོགས་ཀྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་ད་དུང་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་འགའ་ཞིག་འཕྲད་ཡོད་ཅིང་། མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་ཧེ་བག་ཆེ་ཙམ་གནས་ཡོད་པ་རེད།

མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་མཚོ་འགྲམ་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་ཧེ་བག་ཆེ་བ་དེ་རྒྱུ་རྐྱེན་མང་པོས་བཟོས་པ་རེད། ཀྲུང་གོ་རྙིང་པར་དབང་སྒྱུར་གྲལ་རིམ་གྱིས་ནོར་འཁྲུལ་ཅན་གྱི་མི་རིགས་སྲིད་ཇུས་ལག་བསྟར་བྱས་པར་བརྟེན། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་གཉའ་གནོན་དང་བཤུ་གཞོག་ཐེབས་པ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དུས་ཡུན་རིང་པོར་འཕེལ་མེད་དུ་གནས་པ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་དམའ་བ་དང་། དཔལ་འབྱོར་རྨང་གཞི་ཞན་པ། དཔལ་འབྱོར་སྤྱི་འབོར་ཉུང་བ་དང་སླར་གསོ་བྱེད་ནུས་ཞན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཀྱི་འཕེལ་ཚད་ལ་ཚད་བཀག་ཆེན་པོ་བཟོས་པ་རེད། མི་རིགས་ས་ཁུལ་མང་ཆེ་བ་མཐའ་མཚམས་ས་ཁུལ་དུ་གནས་ཡོད་པ་དང་། ལྷག་པར་དུ་ནུབ་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་དང་། རང་བྱུང་ཆ་རྐྱེན་ཞན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བས་ཞིང་ལས་གཙོ་བོའི་ཐོན་སྐྱེད་དང་དཔལ་འབྱོར་གཞན་དག་གི་ཐོན་རྫས་འགྲོ་རྒྱུགས་དང་། རང་ངོས་ནས་གསོག་འཇོག་བྱེད་ནུས་མི་ཆེ་བ་བཅས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་རྒྱ་ཚབས་ཆེན་བཟོས་ཡོད། བཅོས་བསྒྱུར་སྒོ་འབྱེད་ཚུན་ལ་ཤར་ཕྱོགས་མཚོ་རྒྱུད་ས་ཁུལ་དུ་ས་ཁོངས་དང་ཆབ་སྲིད་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་དང་། གོ་སྐབས་དམ་འཛིན། རྒྱུན་ཚུལ་ལས་འདའ་བར་འཕེལ་རྒྱས་བཏང་བས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བར་གྱི་ཧེ་བག་ཇེ་ཆེར་སོང་པ་རེད།

མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་དང་མཚོ་འགྲམ་དར་རྒྱས་ཆེ་བའི་ས་ཁུལ་བར་གྱི་ཧེ་བག་ནི་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཧེ་བག་ཞིག་རེད། 2008ལོར་མི་རིགས་ས་ཁུལ་གྱི་GDP ཡི་བསྡོམས་འབོར་དེ་1987ལོའི་སྒོར་དུང་ཕྱུར་324ནས་སྒོར་དུང་ཕྱུར་30626རུ་འཕར་བ་དང་། མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་1978ལོའི་སྒོར་307ནས་སྒོར་131170དང་། མི་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་1978ལོའི་སྒོར་138ཡིན་པ་ནས་སྒོར་3389རུ་འཕར་བ་རེད། ཉེ་བའི་ལོ་ཤས་རིང་ལ་མི་རིགས་ས་ཁུལ་གྱི་GDP དང་ནོར་སྲིད་ཡོང་འབབ་གཉིས་ཀའི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་རུ་སོང་ཡོད། ནང་སོག་རང་སྐྱོང་ལྗོངས་ཉིད་བསྟུད་མར་ལོ་7ལ་GDP འཕར་སྣོན་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་པ་དང་འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས། ཆུ་ཚད་དེ་དུས་མཚུངས་ལས་བརྒྱ་ཆ་16.2འཕར་བས། རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གཞི་གྲངས་9.1གིས་མཐོ་བ་རེད། དེ་བས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་ཧེ་བག་ཡོད་པ་ནི་རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཆེན་པོ་ཕྱིན་པའི་རྨང་གཞིའི་ཐོག་ཏུ་གནས་པའི་ཧེ་བག་དང་། འཕོ་འགྱུར་གྱི་རྣམ་པའི་ཧེ་བག མདུན་སྐྱོད་ཁྲོད་ཀྱི་ཧེ་བག་བཅས་ཡིན་པ་མཐོང་ཐུབ་པ་རེད།

ས་ཁུལ་བར་འཕེལ་རྒྱས་འགྲོ་ཚུལ་དོ་མི་མཉམ་པ་ནི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱལ་ཁབ་མང་པོར་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་ཞིག་རེད། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་ཞིང་མི་གྲངས་མང་བ་དང་། ཤར་དབུས་ནུབ་གསུམ་ལ་ཁྱད་པར་ཆེན་པོ་ཡོད་ལ་འཛམ་གླིང་སྟེང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན། མིག་སྔར་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པས། ས་ཁོངས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་འཕེལ་རྒྱས་དོ་མཉམ་མིན་པ་འབྱུང་བ་ཟློག་མེད་རེད། ས་ཁོངས་བར་འཕེལ་རྒྱས་འགྲོ་ཚུལ་དོ་མི་མཉམ་པ་དེ་དཔལ་འབྱོར་འཕེལ་རིམ་གྱི་སྣང་ཚུལ་ཞིག་ཡིན་ལ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་བརྟེན་ནས་རིམ་བཞིན་ཐག་གཅོད་ཐུབ་པ་ཞིག་ཀྱང་རེད། དེ་ལ་ཚན་རིག་དང་མཐུན་པའི་ལྟ་ཚུལ་དང་འཕེལ་རྒྱས་གཏོང་བའི་ལྟ་ཚུལ་ཐོག་ནས་ངོས་འཛིན་ཡང་དག་བྱེད་དགོས།

ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུ་ནི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱིས་བརྩོན་པ་ལྷུར་ལེན་བྱེད་པའི་དམིགས་ཡུལ་ཡིན་པ་དང་། མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་ད་ལྟའི་དུས་རིམ་འདིར་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་པའི་སྲོག་ཤིང་རེད། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་བར་གྱི་ཧེ་བག་ཇེ་ཆུང་དང་། མི་རིགས་ཁག་ཐུན་མོང་དུ་དར་རྒྱས་ཡོང་བར་ཐབས་ཇུས་དང་བཀོད་སྒྲིག སྲིད་ཇུས་དང་བྱེད་ཐབས་བཅས་རབ་དང་རིམ་པ་སྤྱད་ཡོད། དཔེར་ན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱ་རྒྱུའི་འཐབ་ཇུས་ལག་བསྟར་བྱས་པ་དང་། མི་དམངས་ཀྱི་འཚོ་བའི་ཐད་ངེས་པར་དུ་མཁོ་གལ་ཆེ་བའི་རིགས་དང་ཐོན་སྐྱེད་གོང་དུ་སྤེལ་བར་འབྲེལ་བ་དམ་ཟབ་ལྡན་པའི་དེང་རབས་བཟོ་ལས་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་བྱ་གཞག་དང་ཕྱུགས་ལས་ས་ཁུལ་གྱི་འཛུགས་སྐྲུན་བཅས་སྔོན་ལ་འཕེལ་རྒྱས་གཏོང་དགོས་པར་བྱས། མ་ཚད། རང་ལ་མ་དངུལ་ཡོད་པ་དང་། ཁེ་སྤོགས་ཀྱི་བསྡུར་ཚད་ལྟར་ལེན་པ། རིན་གོང་ཁ་གསབ་བཅས་ནང་དོན་གཙོ་བོ་ཡིན་པའི་མི་རིགས་ཀྱི་ཉོ་འཚོང་ཀྱི“གཟིགས་སྐྱོང་གསུམ་”ལག་བསྟར་དང་། མི་རིགས་ས་ཁུལ་ལ་ནོར་སྲིད་ནས་རྒྱབ་སྐྱོར་དང་རིགས་མཐུན་རོགས་སྐྱོར་དང་། མི་རིགས་ས་ཁུལ་གྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དབུལ་སྐྱོར་ལས་དོན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་བཅས་ལ་ཤུགས་སྣོན་རྒྱག་པ་རེད། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ལ་མི་རིགས་སློབ་གྲྭ་སྣ་ཚོགས་འཕེལ་རྒྱས་གཏན་འབེབས་དང་ལག་བསྟར། སློབ་གསོའི་རིགས་མཐུན་རོགས་སྐྱོར་དང་། མི་རིགས་རིག་གནས་ཀྱི་གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་འཕེལ་རྒྱས་གཏོང་བ་དང་། མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་བཅས་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་རེད། སྲིད་ཇུས་དང་བྱེད་ཐབས་འདི་དག་གིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་སྤེལ་ནུས་ལྡན་བཏང་ཡོད་མོད། དུས་ཡུན་ཐུང་ངུའི་ནང་དུ་མི་རིགས་ས་ཁུལགྱི་འཕེལ་རྒྱས་དང་མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་གྱི་འཕེལ་རྒྱས་བར་གྱི་ཧེ་བག་ལ་འགྱུར་བ་ཐོན་མི་སྲིད་ཀྱང་མིག་རྒྱང་རིང་པོས་བལྟས་ན་མུ་མཐུད་འབད་བརྩོན་རྒྱུན་འཁྱོངས་བྱས་ཚེ་ཧེ་བག་དེ་རིགས་ངེས་གཏན་ཇེ་ཆུང་དུ་འགྲོ་བ་དང་རིམ་བཞིན་མེད་པར་བཟོ་ཐུབ།

ལོ་ཙཱ་བ།རྟ་མགྲིན་དཔལ།