རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་ཕན་ཁེ་སྦྱིན་ཡོད་ཅེས་ཟེར་དགོས་དོན་ཅི་ཡིན།

ལོ་ངོ་60ཡི་སྔོན་དུ་ཀྲུང་གོ་བ་མང་པོས་ལྟོ་རྒྱབ་མི་འཕྱིད་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་སུས་ཀྱང་དྲན་མི་སྲིད་མོད། ད་ལྟ་མི་དམངས་དུང་ཕྱུར་13གྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་ལ་སླེབས་ཡོད་པ་དང་། ལོ་ངོ་30ཡི་གོང་ལ་ལག་འདོགས་ཆུ་ཚོད་འཁོར་ལོ་དང་། ལྕགས་རྟ། འཚེམ་འཁོར་བཅས་པའི“རྒྱུ་ནོར་ཆེ་གསུམ”ཡོད་རྒྱུ་དེ་ནི་མི་མང་གིས་དོན་གཉེར་བྱ་ཡུལ་ཡིན་པ་ད་ལྟའི་མི་རྣམས་ཀྱི་བློ་ངོར་འཆར་དཀའ་ལ། ད་ལྟ་ལག་ཁྱེར་ཁ་པར་དང་། གློག་ཀླད། རླངས་འཁོར་སོགས་ཡོད་མཁན་གྱི་མི་སེར་དཀྱུས་མའི་ཁྱིམ་ཚང་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ལོ་བཅུའི་ཚུན་ལ་ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་འོད་སྟོང་འབར་བའི་གྲུབ་འབྲས་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཆེན་པོ་བྱུང་། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་མངོན་གསལ་དོད་པོ་བྱུང་ཞིང་། ཕྱོགས་བསྡུས་རྒྱལ་ཤུགས་ཆེ་རུ་མངོན་གསལ་ཕྱིན་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཆེན་པོ་ཕྱིན་ཡོད། ལོ་བཅུ་ཕྲག་འགའི་རིང་ལ་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་དམངས་ཕྱུག་སྲིད་ཇུས་ལས་བྱུང་བའི་བདེ་སྐྱིད་ལྡན་པའི་འཚོ་བ་དངོས་སུ་མྱོང་ཞིང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་བཞིན་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། བཤུ་གཞོག་མེད་པར་བཟོས་ནས་དབུལ་ཕྱུག་སྣེ་གཉིས་སུ་གྱེས་ཚུལ་གཙང་སེལ་བྱས་མཐར་ཐུན་མོང་དུ་ཕྱུག་པོར་འགྱུར་བར་བྱ་རྒྱུ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་ཞིང་། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱས། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་དུ་སྤེལ་བ་དང་། རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ། ཀྲུང་གོའི་མི་དམངས་ཕྱུག་པོ་ཆགས་པ་བྱ་རྒྱུ། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་དར་རྒྱས་ཡོང་བ་བྱ་རྒྱ་བཅས་ཡིན། བཅོས་བསྒྱུར་སྒོ་འབྱེད་ཚུན་ལ་ང་ཚོའི་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་མི་གཞི་རྩར་འཛིན་པ། མཉམ་དུ་ཕྱུག་པོར་འགྱུར་བའི་བགྲོད་ལམ་མཐའ་འཁྱོངས་དང་། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་རྩ་བའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་གང་ལེགས་བྱས་ཤིང་། བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དེ་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་ནས་མངོན་པ་དང་། མི་རིགས་ཁག་གི་མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་ཐད་ནས་མངོན་པ་དང་། ད་དུང་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ལོངས་སུ་སྤྱོད་རྒྱུ་ཡོད་པའི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཕྱོགས་ཁག་གི་ཁེ་ཕན་ཐོག་ནས་མངོན་པར་མཚོན་ཡོད་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་པ་རྒྱ་ཆེ་ཐོབ་པ་རེད།

བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་རྒྱ་རིགས་མི་དམངས་ལ་ཕན་བདེ་བསྐྲུན་པར་མ་ཟད། རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཡང་ཕན་བདེ་བསྐྲུན་པ་རེད། རྒྱལ་ཁབ་ཀྱིས་གཅིག་གྱུར་གྱིས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་དང་། མཐའ་མཚམས་རྒྱུད་ཀྱི་སྒོ་འབྱེད་པའི་འཐབ་ཇུས་དང་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་ཧུར་ཐག་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཇེ་ཆེར་བཏང་ནས་ནོར་སྲིད་དང་། དངུལ་རྩ། ཁྲལ་བསྡུ། ཐོན་ལས་སྲིད་ཇུས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཕྱོགས་གང་ཅིའི་ཐད་ནས་ཤུགས་ཆེ་བ་བྱས་ཏེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་དང་། གྲངས་ཉུང་མི་རིགས་མང་ཚོགས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་དགོས། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བཞིན་ཡོད་དེ། ༢༠༠༨ལོར་མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་བརྡལ་སྡོད་དམངས་ཀྱི་ལོ་རེར་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13170ལ་ཟིན་པ་དང་། ཞིང་འབྲོག་པ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར་3389ལ་ཟིན། མི་དམངས་ཀྱི་འཚོ་བ་གཞི་རྩའི་ཐོག་ནས་ཁྱབ་ཆེ་བའི་དབུལ་ཕོངས་ནས་ལྟོ་གོས་འཛོམས་ཙམ་དང་དེ་ནས་ཀྱང་སྤྱི་ཆའི་ཐོག་འབྱོར་འབྲིང་ཙམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། སློབ་གསོ་ཐོབ་ཚད་མཐོ་རུ་མངོན་གསལ་ཕྱིན།

མི་རིགས་ཁ་ཤས་ལ་རྒྱལ་ཁབ་ཀྱིས་ལོ་མང་པོའི་རིང་གཙོ་གནད་དུ་བཟུང་ནས་རོགས་སྐྱོར་བྱས་པར་བརྟེན། ཐོན་སྐྱེད་དང་འཚོ་བ་སྤྱིའི་གནས་ཚུལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། དཔེར་ན་ཅི་ནོ་མི་རིགས་ནི་1979ལོར་ད་གཟོད་རྒྱལ་ཁབ་ཀྱིས་ངོས་བཟུང་བའི་མི་རིགས་ཤིག་ཡིན་ཞིང་། མི་འབོར་ཁྲི་2.2ལས་མེད་ལ་མང་ཆེ་བ་ཡུན་ནན་གྱི་ཞི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་གྱི་ཅི་ནོ་ཧྲན་ཞང་དུ་ཡོད། བཅིངས་འགྲོལ་མ་བཏང་སྔོན་དུ་མེས་སྲེག་གྲིས་འདེབས་དང་། འཚོལ་སྒྲུག་རྔོན་རྒྱག་གི་གདོད་མའི་འཚོ་བ་སྐྱེལ་བཞིན་ཡོད། བསྒྱུར་བཅོས་སྒོ་འབྱེད་ཐོག་མ་བྱེད་པའི་དུས་ལ་སླེབས་དུས་ཀྱང་དེ་གའི་ཞིང་པ་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་103ལས་མེད། དུས་ད་ལྟ་ཅི་ནུའུ་རི་བོར་རྣམ་པ་གསར་པ་དང་། གྲོང་ཁུལ་ཤར་ནས་ཞང་སྲིད་གཞུང་བར་སྣུམ་ལམ་བདེ་མོ་བཟོས་པ་དང་། སྦག་སྦག་འཁོར་ལོ་མང་པོ་སྣུམ་ལམ་དུ་རྒྱུགས་བཞིན་ཡོད་པ་དང་། ལམ་གྱི་གཡས་གཡོན་གཉིས་ན་ཐོག་ཁང་གསར་པ་མང་པོ་བརྒྱག་ཡོད་པ་དང་། ཞིང་པའི་ཡོང་སྒོ་དེ་ཞིང་ཆེན་སྤྱིའི་ཚད་དང་ཧ་ལམ་འདྲ་བ་བྱུང་།    དེར་བརྟེན་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་30ནི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཆེས་མགྱོགས་པའི་ལོ་ངོ་30ཡིན་ཅེས་བརྗོད་ཆོག་པ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་ཆེས་ཆེ་ཤོས་ཀྱི་ལོ་ངོ་30དང་། མི་རིགས་ཁག་གི་མི་དམངས་ལ་དངོས་ཕན་ཆེ་ཤོས་ཐོབ་པའི་ལོ་ངོ་30ཡིན་ཞེས་བརྗོད་ཆོག

ཧུའུ་ཅིན་ཐོའོ་ཡིས་བསྟན་དོན། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་རླབས་ཆེན་མངོན་འགྱུར་བྱ་དགོས་ན་མི་རིགས་ཁག་ཐུན་མོང་ཐོག་སྔར་ལས་ལེགས་པར་དར་རྒྱས་གོང་འཕེལ་ཡོང་བ་མངོན་འགྱུར་བྱ་དགོས། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་གོང་འཕེལ་དེ་སྔར་ལས་འབུར་ཐོན་གྱི་གནས་སུ་བཞག་ཏེ་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བཏང་པར་བརྟེན་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་དངོས་ཕན་སྔར་བས་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་གཏོང་དགོས།

ལོ་ཙཱ་བ།རྟ་མགྲིན་དཔལ།