ཅིའི་ཕྱིར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་ངེས་པར་དུ་ཁྱོན་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་ཡིན་ནམ།

ཀྲུང་གོ་ལ་འཛམ་བུ་གླིང་ན་དེ་གཅིག་པུ་ལས་མེད་པའི་བཅའ་ཁྲིམས་ཤིག་ཡོད་པ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཡིན་པ་རེད། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་ཀྱི་ཆེད་དམིགས་བཅའ་ཁྲིམས་ཡིན་པ་དང་།རང་རྒྱལ་གྱི་གཞི་རྩའི་བཅའ་ཁྲིམས་ཡིན། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཁེ་དབང་འགན་སྲུང་བྱེད་པའི་གཞི་རྩའི་བཅའ་ཁྲིམས་དང་། རང་རྒྱལ་གྱི་མི་རིགས་ལས་དོན་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་བགྲོད་ལམ་གྱི་འགན་སྲུང་གལ་ཆེན་ཞིག་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་ཆེ་མོའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན།

རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པས་མི་རིགས་ཀྱི་གནད་དོན་ཐག་གཅོད་རྒྱུ་དེ་ཁྲིམས་ལུགས་ཅན་གྱི་ལམ་དུ་བཙུད་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་བྱེད་ཕྱོགས་ཤིག་ཡིན། དེ་སྔར་1949 ལོར་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི《ཐུན་མོང་རྩ་འཛིན་》 ནང་རང་རྒྱལ་དུ་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་རྒྱུ་མངོན་གསལ་དུ་གཏན་ལ་ཕབ་ཡོད། 1952ལོའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་རྩ་གནད》བཏོན་པ་དང་། ཏང་གི་མི་རིགས་སྲིད་ཇུས་དང་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་མི་རིགས་རང་སྐྱོང་ས་གནས་འཛུགས་རྒྱུ་དང་། རང་སྐྱོང་ལས་ཁུངས་ཀྱི་གྲུབ་ཚུལ། རང་སྐྱོང་ལས་ཁུངས་ཀྱི་རང་སྐྱོང་ཁེ་དབང་བཅས་པའི་གནད་དོན་གལ་ཆེན་པོ་ལ་གཏན་འབེབས་ཁ་གསལ་བྱས་ཡོད། འདི་ནི་ཏང་གི་མི་རིགས་སྲིད་ཇུས་ཁྲིམས་ལུགས་ཅན་དུ་འགྱུར་བའི་ཆེས་ཐོག་མའི་ལག་ལེན་རེད། 1984ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་》ནི་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་ཆེད་སྤྱོད་བཅའ་ཁྲིམས་ཨང་དང་པོ་ཡིན་པ་དང་དེ་ཐོག་ནས་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ་དང་། གནད་དོན་ཐག་གཅོད་པ་དེ་ཁྲིམས་ལུགས་ཅན་གྱི་ལམ་ཐོག་གོམ་པ་གལ་ཆེན་ཞིག་སྤོས་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་བསྟུན་པའི་ཆེད་དུ་2001ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་གྲོས་ཚོགས་ཐེངས་ཉི་ཤུ་པའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་། བཟོ་བཅོས་བྱས་རྗེས་ཀྱི《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 ཀྱིས་སྒོ་ཀུན་ནས་དུས་སྐབས་གསར་པའི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་གོང་དུ་སྤེལ་བའི་ཁ་ཚ་དགོས་གཏུག་གི་རེ་བ་མཚོན་པ་དང་བཅའ་ཁྲིམས་འདི་ཉིད་སྔར་བས་ཆ་རྫོགས་པ་བྱུང་། དེའི་ནང་གི་སྙིང་པོར་གྱུར་པ་ནི་དངོས་གཞིའི་ཐོག་བཅའ་ཁྲིམས་ཀྱི་སྟེང་ནས་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་དེ་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ལ་གཏན་ཁེལ་བཟོས་ཡོད་པ་དེ་རེད། 2005ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《<མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས> ལག་བསྟར་བྱེད་པའི་སྐོར་གྱི་གཏན་ཁེལ་འགའ》སྤེལ་བ་རེད། དེའི་ནང་ཆེས་སྲོག་ཤིང་དུ་གྱུར་པའི་ནང་དོན་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་བཅའ་ཁྲིམས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་གཏན་ལ་ཕབ་པ་དེ་རེད། དེང་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་དང་། སྡེ་ཚན་གྱི་སྒྲིག་སྲོལ30ཙམ་བཟོས་ཟིན་པ་དང་། མི་རིགས་རང་སྐྱོང་ས་ཁུལ་དུ་རང་སྐྱོང་སྲོལ་ཡིག་130ལྷག་བཟོས་ཟིན་པ་དང་། ཁེར་བསྟར་སྲོལ་ཡིག་420ལྷག་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་70ལྷག་བཟོས། དེ་དག་ཚང་མས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་ཁྲིམས་ལུགས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་། མི་རིགས་རང་སྐྱོང་ས་གནས་རང་སྐྱོང་དེ་གཞི་རྩའི་ལམ་ལུགས་ཙམ་དུ་མ་ཟད། ལག་ལེན་དངོས་སུ་བསྟར་བའི་བྱ་རིམ་ཁྲོད་ངེས་པ་དོན་གྱིས་ཁྲིམས་ལྟར་གཞིར་བཟུང་དགོས་པར་བཟོས།

《 མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས》ཀྱིས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ཁག་གི་ཐུན་མོང་རེ་བ་མངོན་པར་མཚོན་ཡོད་པ་དང་། དེ་ནི་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་སྒྱུར་བྱེད་པའི་བཅའ་ཁྲིམས་ཀྱི་འགན་ལེན་ཡིན་ལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་བཅའ་ཁྲིམས་ཐོག་གི་འགན་སྲུང་རེད།《 མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཞེས་པ་ནི་ཁྲིམས་ལུགས་ཐོག་གི་མི་རིགས་འདྲ་མཉམ་གྱི་རྩ་དོན་སྔར་བས་དོན་འཁྱོལ་དང་། གཏན་འབེབས་བྱས་དོན། མི་རིགས་ཁག་ཚང་མར་འདྲ་མཉམ་ངང་རྒྱལ་ཁབ་ཀྱི་ལས་དོན་ནང་ཞུགས་དོ་དམ་བྱེད་པའི་དབང་ཆ་ཡོད་པ་དང་། མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་། འཕེལ་རྒྱས་ཀྱི་ཁེ་དབང་དང་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ལ་སློབ་གསོ་འགན་སྲུང་། ལས་ཞུགས་སོགས་ཐད་ཀྱི་འདྲ་མཉམ་ཁེ་དབང་ཡོད་པ་བཅས་ཡིན། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ནང་དུ་མི་རིགས་ཁག་འདྲ་མཉམ་ཡིན་པའི་རྩ་དོན་བཅའ་ཁྲིམས་ཀྱི་ཐོག་ནས་སྔར་ལས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མི་རིགས་ཚང་མར་འདྲ་མཉམ་གྱི་སྒོ་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ཁེ་དབང་ཡོད་པ་དང་། མི་རིགས་ཚང་མར་རང་མི་རིགས་ཀྱི་སྐད་ཡིག་སྤྱོད་པ་དང་འཕེལ་རྒྱས་གཏོང་བའི་དབང་ཆ་ཡོད་ཅིང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་སློབ་གསོ་མྱོང་བའི་ཁེ་དབང་དང་ལས་ཞུགས་ཀྱི་ཁེ་དབང་བཅས་ལ་འགན་སྲུང་དང་། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་དང་དད་མོས་རང་དབང་གི་མི་རིགས་ཡོངས་ཀྱི་མཐུན་སྒྲིལ་དེ་རྒྱལ་ཁབ་ཀྱི་འདུ་ཤེས་སུ་གོང་སྤེལ་གཏོང་བར་འགན་སྲུང་བྱེད། “གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་རེ་བ་འདོན་པ་དང་། མི་རིགས་གང་ཡང་རུང་བར་མཐོང་ཆུང་དང་གཉའ་གནོན་བྱེད་པར་བཀག་བསྡོམས་དང་མི་རིགས་བར་གྱི་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་བར་ཁ་ཕྲལ་བའི་བྱ་སྤྱོད་ཅི་རིགས་ལ་བཀག་བསྡོམས་ནན་པོ་བྱ་རྒྱུ།”《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 ནང་མི་རིགས་རང་སྐྱོང་ས་གནས་སོ་སོའི་དཔལ་འབྱོར་དང་། སློབ་གསོ། ཚན་རིག་ལག་རྩལ། རིག་གནས། འཕྲོད་སྟེན། ལུས་རྩལ་སོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རམ་འདེགས་བྱེད་པའི་སྐོར་ཆེད་དམིགས་ཀྱིས་བཀོད་ཡོད་པ་དང་། རིམ་པ་ཁག་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་མ་དངུལ་མི་རིགས་རང་སྐྱོང་ས་གནས་སུ་འཇོག་ཐུབ་པའི་ཁྲིད་སྟོན་དང་བསྔགས་བསྐུལ་བྱ་དགོས་པ་དང་། རྒྱལ་ཁབ་གཞུང་གི་རིམ་པ་ཁག་གི་ལས་ཁུངས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་བཟོ་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁྱད་ཆོས་དགོས་མཁོར་ལྟ་རྟོག་བྱ་དགོས། འདིས་མི་རིགས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་། མི་རིགས་ཁག་ཐུན་མོང་དུ་འཕེལ་རྒྱས་མངོན་དུ་འགྱུར་བར་འགན་ལེན་བྱ་ཐུབ།

ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་ནང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བར་ངེས་པར་དུ《 མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས》 ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་ཟློག་མེད་ཀྱི་བླང་བྱའང་རེད། ཧུར་ཐག་གིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སློབ་སྦྱོང་དང་། དྲིལ་བསྒྲགས། སློབ་གསོ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་དུ་བསྟར་བའི་རང་རྟོགས་ཀྱི་འདུ་ཤེས་ཤུགས་ཆེར་གཏོང་དགོས་པ་དང་། ཆ་ལག་ཚང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། བྱེ་བྲག་གི་བྱེད་ཐབས་དང་ཐབས་ཤེས་བཅས་སྔར་ལས་ལྷག་པ་གཏན་འབེབས་བྱེད་དགོས། རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་གཏན་འབེབས་སམ་དག་བཅོས་བྱས་པ་དང་། ཅུང་ཆ་ཚང་ཞིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་བཅས་རིམ་པ་བཞིན་འཛུགས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྒྱུན་པར་ཞིབ་བཤེར་བྱ་དགོས་པ། དམིགས་གཏད་ཡོད་པའི་སྒོ་ནས་གནད་དོན་གང་ཡོད་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། མི་རིགས་རང་སྐྱོང་ས་ཁུལ་དུ་གཅིག་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དག་ས་ཁུལ་དེ་གར་ལག་ལེན་མཐར་ཕྱིན་ཡོང་བར་འགན་ལེན་དང་། གཉིས་ནས་ས་ཁུལ་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱིས་སྤྲད་པའི་རང་སྐྱོང་གི་ཁེ་དབང་བེད་སྤྱོད་གང་ལེགས་བྱ།《 མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་》 ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་བསྟུན་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་དང་ལྟ་སྐུལ་ཞིབ་བཤེར་གྱི་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་བསྟུད་མར་ཤུགས་ཆེ་རུ་འགྲོ་བ་དང་བསྟུན་ནས་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་སྔར་བས་མངོན་གསལ་ཆེ་བའི་དགེ་མཚན་རང་བཞིན་མངོན་ཡོང་ངེས་ཡིན་པ་དང་སྐྱེ་སྟོབས་སྔར་བས་རྒྱས་ཡོང་།

ལོ་ཙཱ་བ།རྟ་མགྲིན་དཔལ།