ཅིའི་ཕྱིར་རང་རྒྱལ་གྱིས་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བྱེད་པ་ལས་ལམ་ལུགས་གཞན་གཉེར་མི་ཆོག་པ་ཡིན།

ང་ཚོའི་རྒྱལ་ཁབ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་དང་ཁྱད་ཆོས་མཚོན་པ་དང་། རྩ་བའི་རང་བཞིན་དང་། ཁྱོན་ཡོངས་ཀྱི་རང་བཞིན། བརྟན་བརླིང་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལམ་ལུགས་ལ་བརྟེན་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་རེད། ང་ཚོའི་ཏང་གིས་མི་རིགས་ས་ཁོངས་རང་སྐྱོང་དེ་རྒྱལ་ནང་གི་མི་རིགས་གནད་དོན་ཐག་གཅོད་པའི་གཞི་རྩའི་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཡིན་པའི་ངོས་ནས་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་མ་ཆད་པར་འཐུས་ཚང་གཏོང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་རྙེད་པར་བྱ་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གནས་ཚུལ་དང་མི་རིགས་ཁག་གི་གཞི་རྩའི་ཁེ་ཕན་མཚོན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཞུས་པ་ནི་ང་ཚོའི་ཏང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་གསར་གཏོད་རླབས་ཆེན་ཞིག་དང་། དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིག་པའི་གཞུང་ལུགས་ཐད་བྱས་རྗེས་གལ་ཆེན་བཞག་པ་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་རྣམ་པ་ཇི་ལྟ་བུ་ཞིག་འཛུགས་པར་འཚོལ་ཞིབ་ལྷོད་མེད་བྱས་པ་ལ་བརྟེན་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་དང་། དུས་ཡུན་རིང་པོའི་ལག་ལེན་དང་ཡང་ནས་བསྐྱར་དུ་ཞིབ་བསྡུར་དང་། མཐའ་མཇུག་མི་རིགས་ས་ཁོངས་རང་སྐྱོང་དེ་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་གཞི་རྩའི་སྲིད་ཇུས་སུ་གཏན་འཁེལ་བྱུང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་སྔོན་གྱི་1947ལོར་ནང་སོག་ཏུ་མི་རིགས་རང་སྐྱོང་ལྗོངས་ཐོག་མ་བཙུགས། ཀྲུང་གོ་གསར་པ་དབུ་བརྙེས་ཁར་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི《ཐུན་མོང་རྩ་འཛིན》 ནང་རང་རྒྱལ་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་རྒྱུ་དངོས་སུ་གཏན་ལ་ཕབ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་རྒྱུ་གཏན་ལ་ཕབ་པ་ནི་རང་རྒྱལ་གྱི་གནས་ཚུལ་དང་མི་རིགས་ཀྱི་གནད་དོན་དངོས་ལ་ངོས་འཛིན་ཡང་དག་པ་དང་གསལ་པོར་རྟོགས་པ་ལས་བྱུང་ཞིག་རེད། གཅིག་ནས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་རང་རྒྱལ་གྱི་མི་རིགས་ཁག་ཚང་མས་རྒྱལ་ཁབ་གཅིག་གྱུར་ཡོང་རྒྱུ་དེ་རིན་ཐང་མཐོ་ཤོས་ཤིག་ཏུ་བརྩིས་ནས་བརྩོན་ལེན་བྱེད་ཀྱི་ཡོད་པ་དང་། གོང་བུ་གཅིག་གྱུར་གྱི་འདུ་ཤེས་དེ་མི་རྣམས་ཀྱི་སེམས་གཏིང་དུ་སིམ་ཡོད་པ་དང་དུས་མཚུངས་སུ། རྒྱལ་རབས་རིམ་བྱུང་ཚང་མས་གྲངས་ཉུང་མི་རིགས་ས་ཁུལ་དུ་དམིགས་བསལ་གྱི་བདག་སྐྱོང་སྲིད་ཇུས་སྤྱད་དེ“ལེགས་པར་སྐྱོང་ཡང་དེའི་ཕྱག་སྲོལ་ཆེ། སྲིད་དོན་གཉེར་ཡང་དེའི་མོས་པར་བསྟུན།”ཞེས་པའི་རང་སྐྱོང་གི་ཁྱད་ཆོས་ལྡན་པའི་དོ་དམ་ལམ་ལུགས་གསར་དུ་བཏོད་པ་རེད། ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དེ་ལྟ་བུ་ཡིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ལོ་རྒྱུས་ཀྱི་ཉམས་མྱོང་དང་གཞི་འཛིན་ས་ཕུན་སུམ་ཚོགས་པ་བཏོན་ཡོད་པ་དང་། གཉིས་སུ། ཀྲུང་ཧྭ་མི་རིགས་ལ་ཡུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་དུ་རིམ་བཞིན་སྣེ་མང་ཕུང་པོ་གཅིག་ཅན་གྱི་རྣམ་པར་གྲུབ་པ་དང་། མི་རིགས་ཁག་གིས་ཐུན་མོང་དུ་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་རྒྱ་བསྐྱེད་པ་དང་། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་ཀྱི་གཟི་འོད་ཐུན་མོང་ཐོག་སྲུང་སྐྱོང་དང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཕེལ་རྒྱས་དང་ལོ་རྒྱུས་ཡར་ཐོན་བཅས་མཉམ་དུ་སྐུལ་འདེད་བཏང་། ལྷག་པར་དུ་ཉེ་རབས་ནས་བཟུང་། རྒྱལ་ཁབ་ཉེན་སྐྱོབ་ཀྱི་འཐབ་རྩོད་ཁྲོད་དུ་མི་རིགས་ཁག་གི་མི་དམངས་བར་ཤ་ཁྲག་ལྟ་བུའི་འབྲེལ་བ་ཆགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྟོགས་སད་རླབས་ཆེན་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་མཚོན་ཡོད། མི་རིགས་འབྲེལ་བའི་གྲུབ་སྟངས་དེ་ལྟ་བུ་ཡིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་དུ་བསྟར་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཏིང་པ་རེད། གསུམ་པ་ནི། རང་རྒྱལ་གྱི་མི་རིགས་ཁག་འདྲེས་སྡོད་ཆེན་པོ་དང་། འདུས་སྡོད་ཆུང་ངུ་།  གཅིག་ལ་གཅིག་འབྲེལ་གྱི་རྣམ་པས་ཁ་འབྲལ་ཐབས་མེད་ལ་དུས་མཚུངས་སུ་ས་གནས་ཁག་གི་ཐོན་ཁུངས་ཆ་རྐྱེན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་ཀྱང་མི་འདྲ་བས། ཕན་ཚུན་གསབ་རེས་ཀྱི་རང་བཞིན་ཆེན་པོ་ལྡན། མི་རིགས་ཀྱི་ཆགས་གནས་དང་འཕེལ་རྒྱས་ཀྱི་གནས་ཚུལ་དེ་ལྟ་བུ་ཡིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བར་དོན་དངོས་ཀྱི་ཆ་རྐྱེན་མཁོ་འདོན་བྱས་ཡོད།

རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཞེས་པ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་པའི་ས་གནས་སུ་ས་ཁོངས་རང་སྐྱོང་དང་། རང་སྐྱོང་ལས་ཁུངས་བཙུགས་ནས་རང་སྐྱོང་དབང་ཆ་སྤྱོད་རྒྱུ་དེ་རེད། དེའི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱལ་ཁབ་གོང་བུ་གཅིག་གྱུར་ཡིན་དགོས་པ་དང་། སྲོག་ཤིང་ནི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་དབང་ཆ་སྤྱོད་རྒྱུ་དང་། རྩ་བའི་དམིགས་ཡུལ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་རེད། མི་རིགས་ས་གནས་རང་སྐྱོང་གི་སྲིད་ཇུས་དེས་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་དང་། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་གྱི་རྒྱུ་རྐྱེན། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་དངོས་ཡོད་ཀྱི་རྒྱུ་རྐྱེན། ལམ་ལུགས་ཀྱི་རྒྱུ་རྐྱེན་དང་བཅའ་ཁྲིམས་ཀྱི་རྒྱུ་རྐྱེན་བཅས་གཅིག་གྱུར་མཚོན་ལ། དེས་རྒྱལ་ཁབ་ཀྱི་གཅིག་སྡུད་དང་གཅིག་གྱུར་དེ་མི་རིགས་ཀྱི་རང་བདག་དང་། འདྲ་མཉམ་ལ་ཟུང་འབྲེལ་བྱེད་པར་ཕན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཆའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་དང་མི་རིགས་རང་སྐྱོང་ས་གནས་ཀྱི་དོན་དངོས་བྱེ་བྲག་པ་དང་། གནས་ཚུལ་དམིགས་བསལ་བ་ལ་ཟུང་འབྲེལ་བྱེད་པར་ཕན་ཐོགས་ཀྱི་ཡོད་པ་མ་ཚད་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་བརྩེ་དུང་དེ་རང་མི་རིགས་ལ་དགའ་ཞེན་ཆེ་བའི་བརྩེ་དུང་དང་ཟུང་འབྲེལ་བྱེད་པར་ཕན་ནུས་ཤུགས་ཆེན་ཐོན།

མིག་སྔར་རང་རྒྱལ་ལ་མི་རིགས་རང་སྐྱོང་ལྗོངས་དང་རང་སྐྱོང་ས་གནས་བསྡོམས་པས་155ཡོད་པ་ལས་རང་སྐྱོང་ལྗོངས་5དང་། རང་སྐྱོང་ཁུལ་30 རང་སྐྱོང་རྫོང་(ཆིས་)120བཅས་ཡིན། གྲངས་ཉུང་མི་རིགས་55ནང་མི་རིགས་44ཡིས་ས་གནས་རང་སྐྱོང་ལག་བསྟར་བྱས་ཤིང་། དེས་གྲངས་ཉུང་མི་རིགས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་71ཟིནཔ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱིས་རྒྱལ་ཡོངས་སྤྱིའི་ས་ཁྱོན་གྱི་བརྒྱ་ཆ་64ཟིན་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་30 རིང་། རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། གྲངས་ཉུང་མི་རིགས་ཀྱི་རང་ཁྱིམ་རང་བདག་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་ཏན་ཏིག་དང་། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཟམ་མི་ཆད་པར་སྲ་བརྟན་གོང་འཕེལ་བཏང་ཡོད། མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེའི་ཐོག་ནས། རྒྱལ་ཁབ་ཀྱི་གཅིག་གྱུར་ཡོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། མངའ་ཁོངས་ཕྱི་ནང་གི་མི་རིགས་ཁ་ཕྲལ་སྟོབས་ཤུགས་ཀྱིས་གཏོར་བརླག་དང་སིམ་འཛུལ་ལ་འགོག་རྒོལ་ཤུགས་དང་ལྡན་པ་བྱས། ལག་ལེན་དངོས་ཀྱི་ཐོག་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཁྱད་འཕགས་རང་བཞིན་དང་གསོན་ཤུགས་ཧ་ཅང་ཆེན་པོ་ལྡན་པས། དེ་ནི་རང་རྒྱལ་གྱི་གནས་ཚུལ་དང་ཡོངས་སུ་མཐུན་ཞིང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་ལུགས་ཡང་དག་པ་ཡིན་པ་དངོས་གསལ་ར་འཕྲོད་བྱུང་ཡོད།

དེང་རབས་ཀྱི་ཀྲུང་གོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྟེན་ན་མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་ཐུབ་པ་ལས་ལམ་ལུགས་གཞན་ལ་བརྟེན་ན་དེ་ལྟར་ཡོང་མི་ཐུབ། དུས་རབས་གོང་མའི་ལོ་རབས་80པའི་མཇུག་སུའུ་ལེན་དང་ཡོ་རོབ་ཤར་མར་ཟིང་ཆ་བྱུང་བར་དམིགས་ནས་ཏིང་ཞའོ་ཕིང་གིས་འཚམ་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་འགོ་ཁྲིད་པར་བཤད་དོན “ ང་ཚོ་ཀྲུང་གོ་ནི་རྡོག་རྩ་གཅིག་ཏུ་སྒྲིལ་ཞིང་། ང་ཚོས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཐད་ཡག་པོ་ཡོད་པ་དང་། མའོ་ཀྲུའུ་ཞི་མཁས་མཛངས་ལྡན་པའི་རྐྱེན་གྱིས་མི་རིགས་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ ལག་བསྟར་བྱས་མེད།”ཅེས་ད་ང་། “ མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་ཐད་ལ་ཀྲུང་གོས་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ལག་ལེན་མི་བསྟར་བར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་ཡིན། ང་ཚོས་བལྟས་ན་ལམ་ལུགས་འདི་ཅུང་ལེགས་པ་དང་ཀྲུང་གོའི་གནས་ཚུལ་དང་མཐུན་པ་རེད། ང་ཚོར་ཕུལ་དུ་བྱུང་བ་མང་པོ་ཡོད། འདི་ནི་ང་ཚོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཡིན་པས་འདོར་མི་རུང་” ཞེས་གསུངས་པ་རེད།  མི་རིགས་ས་གནས་རང་སྐྱོང་ནི་ང་ཚོའི་ཏང་གིས་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཉམས་མྱོང་ཞིག་ཡིན་པའི་ངོས་ནས་དོགས་པ་ཟ་མི་རུང་བ་དང་། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་ངོས་ནས་གཡོ་འགུལ་བྱེད་མི་རུང་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོ་ཞིག་ཉམས་ཞན་དུ་གཏོང་མི་རུང་། དུས་རབས་གསར་པའི་ཆ་རྐྱེན་འོག་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ་ཡོང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དོན་འཁྱོལ་ཡག་པོ་ཡོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཟློག་མེད་བླང་བྱ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།

ལོ་ཙཱ་བ།རྟ་མགྲིན་དཔལ།