མི་རིགས་འདྲ་མཉམ་རྒྱུན་འཁྱོངས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་རྨང་གཞི་ཟེར་དགོས་དོན་ཅི།

མི་རིགས་འདྲ་མཉམ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་ཡིན་ཞིང་། རང་རེའི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨང་རྡོ་ཡིན། རང་རྒྱལ་དུ་མི་རིགས་ཁག་མི་གྲངས་མང་ཉུང་དང་། སྡོད་གནས་ཀྱི་ས་ཁོངས་ཆེ་ཆུང་། དཔལ་འབྱོར་གོང་འཕེལ་གྱི་ཚད་གང་རུང་། སྐད་ཡིག་དང་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་འདྲ་མིན་བཅས་ལ་མ་ལྟོས་པར་སྤྱི་ཚོགས་ཀྱི་གོ་གནས་ཚང་མ་འདྲ་མཉམ་དང་། ལོངས་སྤྱོད་དང་འདྲ་མཉམ་གྱི་ཁེ་དབང་ཡོད་ལ་། འོས་འགན་ཡང་འདྲ་མཚུངས་འཁུར་དགོས། རྒྱ་རིགས་དང་གྲངས་ཉུང་མི་རིགས་ཚང་མ་འདྲ་མཉམ་ཡིན་ལ། གྲངས་ཉུང་མི་རིགས་ཕན་ཚུན་བར་ཚང་མ་འདྲ་མཉམ་ཡིན། མི་རིགས་གང་ཡིན་ཡང་དམིགས་བསལ་གྱི་དབང་ཆ་མེད་ལ། མི་རིགས་གང་ཡིན་རུང་དེའི་ཁེ་དབང་ཚོད་འཛིན་ཡང་བྱས་མེད།

མི་རིགས་ཁག་ལ་མཐོ་དམན་བཟང་ངན་གྱི་ཁྱད་པར་མེད་ལ། ཚང་མས་སྤྱི་ཚོགས་འཕེལ་རྒྱས་དང་ལོ་རྒྱུས་ཡར་ཐོན་ཆེད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་སྐྱེས་ཕུལ་ཡོད། མི་རིགས་སོ་སོ་རང་ཉིད་མི་རིགས་ཤིག་ཡིན་པའི་ཆ་ནས་ཡུན་རིང་རིགས་རྒྱུད་སྐྱེ་འཕེལ་བྱུང་བ་ནི། སོ་སོར་རང་ཉིད་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་ནུས་པ་དང་། དགེ་མཚན། ཁྱད་ཆོས་བཅས་ཡོད་པའི་རྐྱེན་གྱིས་ཡིན། སྤྱི་ཚོགས་འཕེལ་རིམ་མི་འདྲ་བའི་ཁྱད་པར་དང་། དཔལ་འབྱོར་རིག་གནས་འཕེལ་ཚད་མི་འདྲ་བའི་ཁྱད་པར་ནི་ལོ་རྒྱུས་ཀྱིས་བཟོས་པ་ཡིན། ལོ་རྒྱུས་ཀྱིས་ཤུལ་དུ་བཞག་པའི་གྲངས་ཉུང་མི་རིགས་དང་རྒྱ་རིགས་བར་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཐད་ཀྱི་བར་ཁྱད་གནས་བབ་དེ་བསྒྱུར་དགོས་ཚེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱིས་དཀའ་སྤྱད་འབད་བརྩོན་དང་། རང་སྟོབས་རང་སྤེལ་བྱེད་དགོས་ལ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་དར་རྒྱས་ཆེ་བའི་ས་ཁུལ་གྱི་རྒྱབ་སྐྱོར་རོགས་རམ་དེ་བས་ཀྱང་བྱ་དགོས། དཔལ་འབྱོར་དར་རྒྱས་ཆེ་བའི་མི་རིགས་ཀྱིས་དཔལ་འབྱོར་ཞན་པའི་མི་རིགས་ལ་རོགས་རམ་བྱེད་པའི་འོས་འགན་དང་འགན་འཁྲི་ལག་བསྟར་ལ་བརྟེན་ནས་ཁོ་ཚོ་ལ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འདྲ་མཉམ་གྱི་ཁེ་དབང་མངོན་འགྱུར་དང་། དེ་ལྟར་མ་བྱས་ན་མངོན་སུམ་འཚོ་བའི་ཁྲོད་གནས་པའི་ཧེ་བག་སྣ་ཚོགས་ཐག་གཅོད་བྱེད་ཐབས་བྲལ་བ་དང་། མིང་དོན་མཚུངས་པའི་མངོན་སུམ་གྱི་མི་རིགས་འདྲ་མཉམ་ཡོང་ཐབས་བྲལ་བ་རེད།

ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་འདྲ་མཉམ་གཞི་རྩའི་རྩ་དོན་ཞིག་ཡིན་པའི་ཆ་ནས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་བཀོད་པ་དང་། ཁྲིམས་སྲོལ་གཞན་དག་གི་ཁྲོད་དུའང་གནས་པ་མ་ཟད་བྱེད་ཐབས་ཏན་ཏིག་སྤྱད་ནས་འདྲ་མཉམ་གྱི་ཁེ་དབང་སྣ་ཚོགས་འགན་སྲུང་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་གཞིགས་ནས་རྩ་འཛུགས་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། གྲངས་ཉུང་མི་རིགས་55 པོར་རང་མི་རིགས་དང་མི་རིགས་རང་ཉིད་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱེད་པའི་དབང་ཆ་གང་ལེགས་སྤྱོད་ཐུབ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པ་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པ་ལ་མཚོན་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་འཐུས་མི་ཁྱོན་བསྡོམས་2987ཡོད་པ་དང་། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་འཐུས་མི་411ཡོད་ལ། བརྒྱ་ཆ་13.8ཟིན་ཡོད། རྒྱལ་ཡོངས་དྲིད་གྲོས་ཨུ་ཡོན་2237ཡོད་པ་ལས་250ནི་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་ཡིན་པ་དེས་སྤྱིའི་བརྒྱ་ཆ་11.2ཟིན། དེ་དག་ཚང་མ་གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཡོངས་མི་གྲངས་ཁྲོད་དུ་ཟིན་པའི་བསྡུར་ཚད་ལས་མཐོ་བ་ཡིན། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་། རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་འགན་ནི་ས་ཁོངས་རང་སྐྱོང་སྲིད་གཞུང་གི་ཀྲུའུ་ཞིར་མི་རིགས་དེའི་སྤྱི་དམངས་ཀྱིས་འཁུར་རྒྱུ་དང་། ཁུལ་དཔོན། རྫོང་( ཆི་) དཔོན་དང་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རེན་ནམ་ཀྲུའུ་རེན་གཞོན་པ། མི་རིགས་ས་ཁོངས་རང་སྐྱོང་གི་ཁ་གསབ་རྣམ་པ་གལ་ཆེན་ལ་འགན་ལེན་བྱ་ཆེད་མི་རིགས་ཞང་1100ལྷག་བཙུགས་ཏེ། འདྲེས་སྡོད་གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་ཁེ་དབང་འགན་ལེན་བྱེད་པ་ཡིན།

ཏང་དང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་རྒྱུའི་གལ་ཆེའི་བྱེད་ཕྱོགས་འཆར་འགོད་སྐབས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་བསམ་གཞིགས་གང་ལེགས་དང་། ས་ཁོངས་བར་དང་མི་རིགས་བར་མཐུན་སྦྱོར་ངང་གོང་དུ་འཕེལ་ཡོང་བར་གཙོ་གནད་བཟུང་དགོས། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། རང་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་འཆར་གཞི་དང་།  རང་མི་རིགས་དང་རང་ས་ཁུལ་གྱི་དོན་དངོས་ལ་དམིགས་ཏེ་ཁྲིམས་ལྟར་བབ་བསྟུན་བསྒྱུར་བཅོས་ཀྱིས་ལག་བསྟར་བྱ་ཆོག་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་སྲིད་ཇུས། གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་བཅས་བྱེད་པའི་དབང་ཆ་ལ། སྤྱི་ཚོགས་དཔལ་འབྱོར་དང་ཆབ་སྲིད་འཚོ་བར་ཏང་དང་རྒྱལ་ཁབ་ཀྱིས་བརྩི་འཇོག་དང་། གྲངས་ཉུང་མི་རིགས་ཁག་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་གཏོང་བར་སྟབས་བདེ་བསྐྲུན། གྲངས་ཉུང་མི་རིགས་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་གཏོང་བར་གཏུག་བཤེར་དང་ཁུངས་སྐྱེལ་དག་འབུད་བྱེད་དབང་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས། མི་རིགས་རང་སྐྱོང་ས་གནས་དེའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ས་དེ་གས་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་དང་ཡི་གེ་གཅིག་གམ་ཡང་ན་དུ་མ་ཞིག་བཀོལ་སྤྱོད་བྱེད་དུ་འཇུག་བཞིན་ཡོད། ཡོངས་སྤྱོད་ཀྱི་སྐད་དང་ཡི་གེ་ཁ་ཤས་མཉམ་དུ་སྤྱད་དེ་ལས་འགན་ལག་བསྟར་བྱེད་སྐབས། ས་ཁོངས་རང་སྐྱོང་གི་མི་རིགས་དེ་གའི་སྐད་དང་ཡི་གེ་གཙོ་བོར་བཟུང་ཆོག རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་གསར་འགྱུར་དཔེ་སྐྲུན་ལས་དོན་དང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་པ་ཡིན། དེར་བརྟེན་རང་རྒྱལ་མི་རིགས་ཁག་གི་འདྲ་མཉམ་ཁེ་དབང་ནི་ཁྱོན་ཡོངས་དང་། དོན་དངོས་དང་། དཔྱིས་ཕྱིན་པ་བཅས་ཡིན་ལ། མི་རིགས་ཁག་གི་འདྲ་མཉམ་ཁེ་དབང་ལོངས་སུ་སྤྱོད་པ་དང་ཆབས་ཅིག་བབ་མཐུན་གྱི་འོས་འགན་འཁུར་དགོས་ཏེ། དེར་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འོས་འགན་དང་མི་རིགས་ཁག་ཕན་ཚུན་བར་གྱི་འོས་འགན་དང་དེ་བཞིན་ཕྱོགས་གཞན་པའི་ཐད་ཀྱི་འོས་འགན་བཅས་ཡོད།

ལོ་ཙཱ་བ།རྟ་མགྲིན་དཔལ།