མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་དུས་རབས་གསར་པ་དང་དུས་རིམ་གསར་པའི་རང་རྒྱལ་གྱི་མི་རིགས་ལས་ཀའི་བརྗོད་གཞི་ཡིན་པར་གོ་བ་ཇི་ལྟར་ལེན་དགོས།

2003ལོའི་ཟླ་3པའི་ཚེས་4ཉིན། ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་གྲོས་མོལ་ཚོགས་འདུའི་སྟེང་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱ་རྒྱུ་ནི་དུས་རབས་གསར་པ་དང་དུས་རིམ་གསར་པའི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ཡིན་པ་གསལ་སྟོན་གནང་།

“ཐུན་མོང་གཉིས”བཏོན་པ་ལ་དུས་རབས་ཀྱི་རྒྱབ་ལྗོངས་གཏིང་ཟབ་ཡོད་དེ། རྒྱལ་སྤྱིའི་སྟེང་ནས་བལྟས་ཚེ། དེང་སྐབས་ཀྱི་འཛམ་གླིང་ལ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་འབྱུང་བཞིན་ཡོད། ཞི་བདེ་དང་འཕེལ་རྒྱས། མཉམ་ལས་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་གཏིང་ཟབ་ཏུ་ཕྱིན་པ་དང་། ཚན་རྩལ་ཉིན་རེ་བཞིན་ཡར་རྒྱས་བྱུང་བ་དང་དུས་མཚུངས་སུ་ཞི་བདེ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་ཡང་ཇེ་མང་དུ་གྱུར་ཡོད། མི་རིགས་གནད་དོན་ནི་སྔར་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ཚོད་འཛིན་དང་གེགས་བྱེད་པའི་དཀའ་གནད་དང་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་བ་དང་། མི་རིགས་ཀྱི་རྐྱེན་གྱིས་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་སྔར་བཞིན་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། ལྷག་པར་དུ་གཏུམ་སྤྱོད་འཇིགས་སྐུལ་སྟོབས་ཤུགས་དང་། མི་རིགས་ཁ་བྲལ་སྟོབས་ཤུགས། ཆོས་ལུགས་ཐལ་མཐའི་སྟོབས་ཤུགས་དེ“ངན་ཤུགས་གསུམ” དང་། རྒྱལ་མཐའ་སྐོར་གྱི་ས་ཁུལ་འགའ་ཤས་བཅས་འཁྲུག་པོ་ཡོད་པ་དང་། མངའ་ཁོངས་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ཁག་ངན་འབྲེལ་རོགས་རེས་བྱེད་ཚད་ཟམ་མི་ཆད་པར་ཇེ་དྲག་ཏུ་གྱུར་བ་དང་། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། མཐའ་སྲུང་གི་སྲ་བརྟན་ལ་འཕྲད་པའི་འགྲན་སློང་ཛ་དྲག་པོ་ཡོད་པ་རེད། རྒྱལ་ནང་ནས་བལྟས་ན། དེང་རབས་ཀྲུང་གོར་ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པའི་འཕོ་འགྱུར་འབྱུང་བཞིན་ཡོད་དེ། བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། ལྷག་པར་དུ་བཟོ་ལས་ཅན་དང་། བརྡ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཚོང་ར་ཅན། རྒྱལ་སྤྱི་ཅན་བཅས་སུ་འཕེལ་རྒྱས་གཏིང་ཟབ་དང་། མི་རིགས་ས་ཁུལ་ལ་དབུལ་ཕོངས་མི་འབོར་གྱི་ལྟོ་གོས་ཀྱི་གནད་དོན་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་ལས་འགན་ཉིས་བརྩེགས་སུ་འཁུར་ཡོད་པ་དང་། གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་ལས་འགན་ཧ་ཅང་ལྕི་པོ་ཡོད། མི་རིགས་ཀྱི་གནད་དོན་དང་དེང་སྐབས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གཏིང་རིམ་ཟབ་སའི་གནད་དོན་ཕན་ཚུན་བསྣོལ་མར་གནས་སྟབས། འགལ་བ་སློང་བའི་རྒྱུ་རྐྱེན་ཡང་ཇེ་མང་དུ་འགྲོ་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་གསར་པ་ཁྲིད་ཡོང་། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འཕྲད་པའི་དུས་བབ་དང་ལས་འགན་གྱིས་མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་འབད་པ་ཤུགས་ཆེར་བསྐྱེད་དགོས།

“ཐུན་མོང་གཉིས”ཀྱི་བརྗོད་དོན་ལ་ཚན་རིག་དང་མཐུན་པའི་གོ་དོན་གཏིང་ཟབ་ཡོད་དེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་བྱ་དགོས་ཞེས་པ་ནི། མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཚང་མ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཐད་དུ་གཅིག་སྒྲིལ་ཡོང་བ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་ཆིག་སྒྲིལ་ཡོང་བ་བྱ་རྒྱུ་དེ་རེད། འདི་ནི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་དང་འབད་བརྩོན། དམིགས་འབེན་གཅིག་མཐུན་ཡིན་པའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བརྟན་པོ་འཛུགས་པ་དང་ཁྱོན་ཡོངས་ནས་དོན་འཁྱོལ་དང་། སྲིད་སྐྱོང་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ཏང་གི་ལས་འགན་གལ་ཆེན་ཨང་དང་པོ་འདི་གོང་འཕེལ་གཏོང་རྒྱུ་དམ་འཛིན་ཏན་ཏིག་བྱེད་ཅིང་། ཐབས་བརྒྱ་ཇུས་སྟོང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་དུ་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་པོ་མངོན་པར་མྱོང་ཐུབ་པ་བྱེད་དགོས། འདི་ནི་རང་རེའི་ཏང་གི་མི་རིགས་ལས་དོན་ཐད་ཀྱི་རྩ་དོན་ལངས་ཕྱོགས་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་བླང་བྱ་མཚོན་ཡོད། “ཐུན་མོང་གཉིས” ནི་རྩོད་སྒྲུབ་གཅིག་གྱུར་ཡིན་ཏེ། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་བྱེད་པ་དང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་ན་ད་གཟོད་སྒུལ་ཤུགས་སྟོབས་ཆེན་ལྡན། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་བ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་བྱས་ན་ད་གཟོད་རྨང་གཞི་སྲ་བརྟན་ལྡན་པ་རེད། འཕེལ་རྒྱས་གཏོང་རྒྱུ་ནི་གནས་ལུགས་འཁྲུལ་མེད་ཡིན་པ་དང་། འོས་འགན་ཨང་དང་པོ་ཡིན། མཐུན་སྒྲིལ་ནི་ལས་འགན་འཁྲུལ་མེད་ཡིན་ཏེ། འགན་འཁྲི་ཨང་དང་པོ་ཡིན། ངེས་པར་དུ་འཕེལ་རྒྱས་དང་མཐུན་སྒྲིལ་ཕྱོགས་གཉིས་ཀ་འཛིན་དགོས་ཤིང་། ཕྱོགས་གཉིས་ཀ་དམ་པོར་འཛིན་དགོས་པ་ཡིན།

“ཐུན་མོང་གཉིས” བཏོན་པ་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཏེ། “ཐུན་མོང་གཉིས” ཀྱི་བརྗོད་གཞི་ནི། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་མི་རིགས་ལས་དོན་ཐད་ཀྱི་གཞི་རྩའི་ཉམས་མྱོང་ལ་དཔྱིས་ཕྱིན་པའི་སྤྱི་བསྡོམས་དང་། དེས་དུས་རབས་གསར་པ་དང་དུས་རིམ་གསར་པའི་མི་རིགས་ལས་ཀའི་ལས་འགན་ཐད་ཀྱི་ཚད་མཐོའི་སྤྱི་བསྡོམས་ཡིན་ལ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དེ་མི་རིགས་ལས་དོན་ཐད་བེད་སྤྱོད་ལེགས་པོར་བཏང་བ་གསོན་ཉམས་ལྡན་པའི་ངང་མཚོན་པ་རེད། བརྗོད་སྙིང་འདི་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། ཏང་གི་མི་རིགས་རིག་གཞུང་གི་རྩ་བའི་རྩ་དོན་དང་ཏང་གི་མི་རིགས་སྲིད་ཇུས་མཐའ་འཁྱོངས་བྱེད་པ་མ་ཟད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་རྟགས་དང་མི་རིགས་གནད་དོན་གྱི་དོན་དངོས་ལ་མངོན་གསལ་ཆེ་བའི་དུས་རབས་ཀྱི་ཁྱད་རྟགས་དང་ལག་ལེན་གྱི་ཁྱད་ཆོས་སྦྱིན་ཡོད། མི་རིགས་ལས་དོན་གྱི་ལས་འགན་དང་སྤྱི་ཆའི་དམིགས་འབེན་ནི་མི་རིགས་ལས་ཀའི་ཕྱོགས་སྟོན་སྒྲོན་མེ་ཡིན་པ་གནད་ལ་འཁེལ་ཞིང་གཏིང་ཟབ་པའི་སྒོ་ནས་བསྟན་ཡོད། བརྗོད་སྙིང་འདིས་ང་ཚོའི་ཏང་གི་དུས་བསྟུན་མདུན་སྐྱོད་ཀྱི་རང་གཤིས་དང་། རིག་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བློ་སྤོབས། བདེན་འཚོལ་དངོས་གཉེར་གྱི་ཚན་རིག་གི་སྙིང་སྟོབས་བཅས་མཚོན་ཡོད་ལ།  དེ་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ལ་ང་ཚོའི་ཏང་གི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ལས་དོན་གྱི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་ཐོད་བརྒལ་གལ་ཆེན་ཞིག་དང་། ང་ཚོའི་ཏང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྲུང་སྐྱོང་དང་དེར་ཤུགས་སྣོན་རྒྱག་པའི་ཚད་རིམ་གསར་པ་ཞིག་ཏུ་སླེབས་པ་རེད། བརྗོད་སྙིང་འདི་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་། མི་རིགས་ལས་དོན་གྱི་དངོས་ཡོད་གནས་བབ་དང་མཐུན་པར་བྱས་ནས་ང་ཚོས་དུས་བབ་ལ་དབྱེ་ཞིབ་དང་། གནད་དོན་ལ་ཞིབ་འཇུག་བྱེད་པའི་ཁ་ཕྱོགས་གསལ་པོ་བསྟན་པ་དང་། ལས་དོན་འཆར་འགོད་དང་ལས་འགན་བཀོད་སྒྲིག་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་ཞིག་ཀྱང་ཡིན། དེང་རབས་ཀྲུང་གོ་རུ“ཐུན་མོང་གཉིས” ཀྱི་བརྗོད་དོན་རྒྱུན་འཁྱོངས་བྱས་ན། མི་རིགས་ལས་དོན་གྱི་ཁྲོད་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱས་པ་ཡིན་ལ། བརྗོད་གཞི་འདི་ཟིན་པ་ན། དུས་བབ་གསར་པའི་འོག་མི་རིགས་གནད་དོན་ཐག་གཅོད་ཡང་དག་དང་། མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་གནད་འཛིན་ཐུབ་པ་ཡིན། དེ་ལྟར་བྱུང་ཚེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་འཕེལ་རིམ་ཁྲོད་རྒྱུན་མ་ཆད་པར་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཐུབ་བོ།།

ལོ་ཙཱ་བ།རྟ་མགྲིན་དཔལ།