“རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་བྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་ཁག་བར་ཡང་ཕན་ཚུན་ཡང་བྲལ་ཐབས་མེད”ཅེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།

1990ལོར། ཅང་ཙེ་མིན་གྱིས་ཞིན་ཅང་དུ་གཟིགས་ཞིབ་གནང་སྐབས“རླབས་ཆེ་བའི་ང་ཚོ་ཀྲུང་ཧྭ་མི་རིགས་ནི་མི་རིགས་56གིས་གྲུབ་པ་ཞིག་ཡིན་པ་དང་། ང་ཚོའི་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་དུ་མི་རིགས་ཁག་བར་གྱི་འབྲེལ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འབྲེལ་བ་གསར་པ་དང་། རྒྱ་རིགས་གྲངས་ཉུང་མི་རིགས་དང་བྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་རྒྱ་རིགས་དང་བྲལ་ཐབས་མེད། གྲངས་ཉུང་མི་རིགས་ཁག་བར་ཡང་ཕན་ཚུན་ཁ་འབྲལ་ཐབས་མེད་པ་རེད།”ཅེས་གསུངས། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློས་རང་རྒྱལ་གྱི་མི་རིགས་56ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་ཡུན་རིང་མོའི་ནང་གྲུབ་པའི་སྐྱིད་སྡུག་མཉམ་མྱོང་དང་རོགས་རེས་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་དེར་སྤྱི་སྡོམ་གནད་ལ་ཁེལ་པ་གནང་བ་རེད། དེས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་རེ་འདུན་ཡང་མཚོན་པ་ཡིན། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དེ་དུས་སྐབས་གསར་པའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡོང་བ་དང་། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་པའི་མཛུབ་སྟོན་གྱི་རྩ་དོན་གལ་ཆེན་དུ་གྱུར་ཡོད།

“ཁ་འབྲལ་ཐབས་མེད་པ་གསུམ” གྱི་བསམ་བློ་དེས་རང་རྒྱལ་གྲངས་ཉུང་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་གསོན་ཉམས་ལྡན་པའི་ངང་མཚོན་ཡོད་པ་རེད། ཀྲུང་གོའི་མི་རིགས་མང་པོ་ནི་སྐྱེ་ཁུངས་མི་གཅིག་པ་ཡིན། ལོ་ངོ་སྟོང་ཕྲག་འགའི་རིང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། ཀྲུང་ཧྭའི་དབུས་ཁུལ་དུ་སྡོད་པའི་རྒྱ་རིགས་དང་ཉེ་འཁོར་གྱི་གྲངས་ཉུང་མི་རིགས་ཀྱིས་ཀྲུང་ཧྭ་དབུས་ཁུལ་ལྟེ་བར་བྱས་ཏེ། གཅིག་གྱུར་དང་བརྟན་པོ་ཡིན་པའི་ཀྲུང་ཧྭ་མི་རིགས་འདུས་གྲུབ་བྱུང་ཡོད། མི་རིགས་ཁག་གནས་སྤོ་དང་། ཚོང་དོན། བག་མ་གཏོང་ལེན། དེ་བཞིན་གདོང་གཏུག་དང་འགལ་བ་བྱུང་རྗེས། འགྲོ་འོང་གི་ཁྱབ་ཁོངས་རྒྱུན་མ་ཆད་པར་རྒྱ་བསྐྱེད་དང་། ལྷན་འདྲེས་ཀྱི་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པར་བརྟེན། རིམ་བཞིན་གཅིག་གཅིག་བརྟེན་དང་ཉམ་འཚོ་མཉམ་གསབ་ཀྱི་རྣམ་པ་ཞིག་ཆགས། དར་རྟའི་ཚོང་ར་དང་ཇ་རྟའི་ཚོང་ར། དེ་བཞིན་ཧན་ནུབ་མའི་ཝང་ཀྲའོ་ཅུན་ལྕགས་རི་རིང་པོའི་ཕྱི་རོལ་དུ་ཕྱིན་པ་དང་། ཐང་རྒྱལ་རབས་སྐབས་སུ་རྒྱ་བཟའ་ཀོང་ཇོ་བོད་དུ་བག་མར་བརྫངས་པ་བཅས་ནི་དེའི་མཚོན་དཔེ་རྨ་མེད་པ་ཡིན། མི་རིགས་ཁག་གིས་མཉམ་དུ་མེས་རྒྱལ་གྱི་མངའ་ཁོངས་རྒྱ་བསྐྱེད་པ་དང་མཉམ་དུ་མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་དང་། ཐུན་མོང་ཐོག་མེས་རྒྱལ་གྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་རིག་གནས་དང་སེམས་ཁམས་ཁྱད་ཆོས་རིམ་གྱིས་གྲུབ་པ་མ་ཟད་ཟམ་མ་ཆད་པར་ཇེ་དམ་དུ་གྱུར་པ་རེད། ལྷག་པར་དུ་ཉེ་རབས་ནས་བཟུང་སྟེ་མི་རིགས་ཁག་གིས་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་དང་རྒྱུན་རིང་གི་གསར་བརྗེའི་འཐབ་རྩོད་ཁྲོད། ཤི་གསོན་མཉམ་བརྟེན་དང་སྐྱིད་སྡུག་མཉམ་མྱོང་གི་ཤ་རུས་འབྲེལ་བ་ཆགས་ཡོད། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ནི་རང་རྒྱལ་ལོ་རྒྱུས་སྟེང་གི་མི་རིགས་འབྲེལ་བ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཡིན་ལ། ཀྲུང་གོའི་མི་རིགས་ཁག་ལ་ཐུན་མོང་དུ་མངའ་བའི་བསམ་བློའི་ལོངས་སྤྱོད་ཡིན།

“ཁ་འབྲལ་ཐབས་མེད་པ་གསུམ” གྱི་བསམ་བློ་དེས་རང་རྒྱལ་མི་རིགས་ཁག་འཕེལ་རྒྱས་འགྲོ་བར་ཕན་ཚུན་སུ་ཡང་སུ་ལ་ཁ་འབྲལ་མི་ཐུབ་པའི་དོན་དངོས་གསོན་ཉམས་ལྡན་པའི་ངང་མཚོན་ཡོད། རང་རྒྱལ་གྱི་མི་རིགས་ཁག་འཕེལ་རྒྱས་འགྲོ་བའི་ཁྲོད་སོ་སོའི་དགེ་མཚན་ལྡན་ཞིང་། ཕན་ཚུན་ཁ་གསབ་དང་སྐྱིད་སྡུག་མཉམ་རོལ་བྱས་པ་རེད། སྤྱིའི་ཆ་ནས་བཤད་ན། རྒྱ་རིགས་ནི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། ཚན་རིག་ལག་རྩལ། མི་ཤུགས་ཐོན་ཁུངས་སོགས་ཀྱི་ཐད་ལེགས་ཆ་ལྡན་པ་དང་། གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་ཆ་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པ། ས་བབ་གལ་ཆེན་སོགས་ཕྱོགས་མང་པོའི་ཐད་གཞན་ལ་མེད་པའི་ཆ་རྐྱེན་བཟང་པོ་འཛོམས་ཡོད། དཔེར་ན། མི་རིགས་རང་སྐྱོང་ས་གནས་ཀྱི་རྩྭ་ཐང་དང་། ནགས་ཚལ། ཆུ་ཤུགས། རྡོ་སྣུམ། རང་བྱུང་དབུགས། རྡོ་སོལ། གཏེར་ཁའི་ཐོན་ཁུངས་སོགས་ཧ་ཅང་ཕུན་སུམ་ཚོགས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། སྙན་ངག རོལ་དབྱངས། བྲོ་གར། རི་མོ། བཟོ་སྐྲུན་སོགས་རང་རང་གི་ཁྱད་ཆོས་ལྡན་པ་རེད། དེར་བརྟེན། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་མགྱོགས་པོར་གྲུབ་པ་དང་ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་བྱེད་པར་མི་རིགས་ཁག་ཐུན་མོང་དུ་དར་རྒྱས་དང་། ངེས་པར་དུ་རྒྱ་རིགས་ས་ཁུལ་དང་མི་རིགས་ས་ཁུལ་སོ་སོའི་དགེ་མཚན་དང་བཟང་ཆ་འདོན་སྤེལ་དང་ཟུང་སྦྲེལ་བྱས་ནས་མིག་དཔེ་ལྟ་རེས་དང་། དགེ་མཚན་གསབ་རེས་བྱས་ཏེ་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱ་དགོས།

“ཁ་འབྲལ་ཐབས་མེད་པ་གསུམ” གྱི་བསམ་བློ་ནི་སིམ་འཛུལ་ལ་དོགས་ཟོན་དང་། ཁ་ཕྲལ་ལ་འགོག་རྒོལ་བྱེད་པའི་མཚོན་ཆ་སྟོབས་ལྡན་ཞིག་ཡིན། སྔ་མོ་ནས་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་དེ་བེད་སྤྱོད་བཏང་སྟེ། རང་རྒྱལ་ནུབ་ཕྱོགས་ཅན་དང་ཁ་ཐོར་ཅན་དུ་གཏོང་རྒྱུའི་བསམ་ངན་སྤང་མེད་པ་རེད། ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག་མངའ་ཁོངས་ཕྱི་ནང་གི“ཕྱོགས་གཏོགས་གསུམ”ཕན་ཚུན་ངན་འབྲེལ་བྱེད་ནས་ཐབས་བརྒྱ་ཇུས་སྟོང་གིས་ལོག་སྤྱོད་དྲིལ་བསྒྲགས་བྱས་ཤིང་། གང་ཐུབ་ཅི་ཐུབ་ཀྱིས་དོན་རྐྱེན་བསླངས་ཤིང་ཆག་སྒོ་བཟོས། མི་རིགས་འགལ་ཟླ་དང་མི་རིགས་འཁོན་སེམས། མི་རིགས་འབྲེལ་བའི་ཐད་ནས་གོ་སྐབས་བཙལ་ཏེ་མེས་རྒྱལ་ཁ་ཕྲལ་གཏོང་བའི་དམིགས་ཡུལ་ངན་པ་དེ་བསྒྲུབ་ཐབས་བྱས། ཡུན་རིང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད། རྒྱ་ཆེའི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ཀྱི་ཟབ་སར་སིམ་པའི“ཁ་བྲལ་ཐབས་མེད་པ་གསུམ” གྱི་བསམ་བློ་དེས་ནུས་པ་གལ་ཆེན་འདོན་པས་ན། ང་ཚོས་སིམ་འཛུལ་སྔོན་འགོག་དང་ཁ་ཕྲལ་བཀག་འགོག་བྱེད་པའི་གོ་ཆ་ལེགས་པོ་ཞིག་ཡིན།

རང་རྒྱལ་ནི་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་མུར་ཡིན་ལ། འཕེལ་རྒྱས་འགྲོ་བཞིན་པའི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར། ལྷག་པར་དུ་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་། ཇུས་ཤུགས་མཉམ་འདོན། ལག་གདངས་དཔུང་སྦྲེལ། མཐུན་སྒྲིལ་འབད་བརྩོན་དག་མཁོ་ལ། ཁྱད་པར་དུ་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་རྡལ་ཅན། ཚོང་ར་ཅན། རྒྱལ་སྤྱི་ཅན་བཅས་སུ་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་བསྟུན་ནས། མི་རིགས་ཁག་བར་གྱི་འགྲོ་འོང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བ་དང་། མི་རིགས་འབྲེལ་བར་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་མོད། དུས་ནམ་ཡིན་ཡང་ན་ཡང་“ཁ་འབྲལ་ཐབས་མེད་པ་གསུམ” གྱི་བསམ་བློ་དེ་ཐོག་མཐའ་བར་གསུམ་དུ་བརྟན་པོར་ཚུགས་ཐུབ་ན། ང་ཚོ་ཀྲུང་ཧྭ་མི་རིགས་ལ་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཐུབ་ངེས་དང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དེ་རྒྱལ་ཁའི་མདུན་དུ་སྐུལ་འདེད་གཏོང་དགོས།

ལོ་ཙཱ་བ།རྟ་མགྲིན་དཔལ།