ཏང་གི་མི་རིགས་སྲིད་ཇུས་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ཡིན་ཟེར་དོན་ཅི།

མའོ་ཙེ་ཏུང་མཆོག་གིས་སྲིད་ཇུས་དང་ཐབས་ཇུས་ནི་ཏང་གི་སྲོག་རྩ་ཡིན་པར་བསྟན་ཡོད། འདིས་གནས་ལུགས་ཟབ་མོ་ཞིག་གསལ་སྟོན་བྱས་ཡོད་དེ། ཏང་སྲིད་ཞིག་དང་། རྒྱལ་ཁབ་ཅིག བྱ་གཞག་ཅིག་ལ་མཚོན་ན། སྲིད་ཇུས་ཡང་དག་ཡིན་ཚེ། ད་གཟོད་གསོན་ཤུགས་རྒྱས་པ་དང་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་ཐུབ་ལ། སྲིད་ཇུས་ནོར་འཁྲུལ་བྱུང་ཚེ། གསོན་ཤུགས་ཉམས་ཤིང་དཀའ་ཁག་མང་པོར་འཕྲད་སྲིད།

ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ནི། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་གནད་དོན་ཐག་གཅོད་བྱེད་སྤྱད་ཀྱི་གཞི་འཛིན་ས་དང་བྱ་ཐབས་ཡིན་ལ། མི་རིགས་འབྲེལ་བ་སྙོམས་སྒྲིག་བྱེད་པའི་ཚད་གཞི་དང་ཚད་ཐིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་60འདས་ཚུན། ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིག་པའི་གཞུང་ལུགས་ཀྱི་གཞི་རྩ་རིག་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་གནས་རང་སྐྱོང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བ་བཅས་ནི་གཞི་རྩའི་རྩ་དོན་དུ་བཟུང་སྟེ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་ཐད་ཁྱབ་པའི་མི་རིགས་སྲིད་ཇུས་མ་ལག་ཆ་ཚང་ཞིག་ཏུ་གྲུབ་པ་རེད། དེ་ཡང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འཕྲོ་བའི་འོག་དང་། རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བ་བཅས་ཀྱི་རྣམ་པར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་། ང་ཚོའི་ཏང་གི་མི་རིགས་སྲིད་ཇུས་འདི་དག་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་ཡོངས་སུ་མཐུན་པ་དང་། དེ་ནི་ཡང་དག་པ་ཞིག་དང་སྤྱོད་གོ་ཆོད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་དང་། དེ་ནི་མི་རིགས་ཁག་མཐུན་འགྲིག་མཉམ་གནས་དང་ཕྱར་བ་གྲུ་འདེགས། འཆམ་མཐུན་ངང་འཕེལ་རྒྱས་ཡོང་བའི་རྩ་བའི་འགན་ལེན་ཡིན་པ་བཅས་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་རྩོད་མེད་ཞིག་བྱུང་ཡོད།

རང་རེའི་ཏང་གིས་མི་རིགས་སྲིད་ཇུས་འཚོལ་ཞིབ་བྱེད་པའི་ཐད་ཀྱག་ཀྱོག་གི་ལམ་བུ་ཞིག་བརྒྱུད་མྱོང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་འགོར། རང་རེའི་ཏང་གིས་ཡང་དག་པའི་མི་རིགས་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་པ་བརྒྱུད་མགྱོགས་མྱུར་གྱིས་མི་རིགས་ལས་དོན་གྱི་སྒོ་འཕར་གསར་དུ་ཕྱེས་ཤིང་སྔ་ན་མེད་པའི་མི་རིགས་མཐུན་སྒྲིལ་ཆེན་པོའི་རྣམ་པ་བསྐྲུན། འོན་ཀྱང་1957ལོ་ནས་བཟུང“ མཆོངས་སྐྱོད་ཆེན་པོའི” ཁྲོད “ གཡོན་ཐལ” གྱི་བསམ་བློའི་ནོར་འཁྲུལ་དབང་གིས་མི་རིགས་ལས་དོན་ནང་དུ་བྱུང་བའི་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ལ་སྣང་ཆུང་བཏང་བའི“ གྲི་ཁ་གཅིག་གཅོད” ཀྱི་སྣང་ཚུལ་དེས་དབང་གིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དེའང་ལུགས་རྙིང་སྲོལ་ངན་དུ་བརྩིས་པ་རེད། 1961 ལོའི་རྗེས་སུ། ཀྲུང་དབྱང་དང་འབྲེལ་ཡོད་ས་གནས་ཀྱིས་བྱེད་ཐབས་སྤྱད་དེ“མཆོང་སྐྱོད་ཆེན་པོ” ཚུན་དུ་མི་རིགས་ལས་ཀའི་ནང་དུ་བྱུང་བའི་ནོར་འཁྲུལ་ལ་ཡོ་བསྲང་བྱས་ཐོག ཏང་གི་མི་རིགས་སྲིད་ཇུས་ཀྱི་དགོངས་དོན་བསྐྱར་བསྒྲགས་བྱས་པས་མི་རིགས་འབྲེལ་བ་དེ་གཟོད་སླར་གསོ་ཐུབ་པ་བྱུང་། “ རིག་གནས་གསར་བརྗེ་ཆེན་པོའི” སྐབས་སུ། “ མི་རིགས་གནད་དོན་གྱི་ངོ་བོ་ནི་གྲལ་རིམ་གྱི་གནད་དོན་རེད” ཅེས་པའི་ནོར་འཁྲུལ་གྱི་རིག་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་འོག་ཏང་གི་མི་རིགས་སྲིད་ཇུས་ལ་རྡོག་རྫིས་ཚབས་ཆེན་གཏོང་བ་དང་མི་རིགས་ལས་ཀའི་ཚན་པ་མེད་པར་བཟོས་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་ལ་རྡུང་རྡེག་དང་གནོད་འཚེ་བཏང་། ལོ་བཅུའི་གོད་ཆག་གིས་རང་རྒྱལ་གྱི་མི་རིགས་འབྲེལ་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་ཚབས་ཆེན་བཟོས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཏང་གི་ཡང་དག་པའི་བསམ་བློའི་ལམ་ཕྱོགས་དང་ཆབ་སྲིད་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས་བཅས་སླར་གསོ་བྱས་ཤིང་། མི་རིགས་ལས་དོན་ཐད་ཡང་བསྐྱར་དཔྱིད་ཀྱི་དཔལ་ཡོན་གསར་པ་ཞིག་ཤར། རང་རེའི་ཏང་གིས“མི་རིགས་གནད་དོན་གྱི་ངོ་བོ་ནི་གྲལ་རིམ་གནད་དོན་ཡིན” ཞེས་པའི་གཞུང་ལུགས་ནོར་འཁྲུལ་ཅན་རྩ་བ་ནས་དོར་ཞིང་། མི་རིགས་ལས་དོན་ཐད་ཀྱི་ཟིང་བཅོས་ཡོ་བསྲང་མངོན་འགྱུར་བྱུང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དགའ་སྤྲོའི་ངང་ནས“ཏང་གི་མི་རིགས་སྲིད་ཇུས་སླར་ཡང་སླེབས་བྱུང་” ཞེས་བཤད།  བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་ངོ་30 ཡི་རིང་། ཏང་གི་མི་རིགས་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་འཐུས་ཚང་། དོན་འཁྱོལ་བཅས་བྱུང་ཞིང་། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་བྱ་གཞག་ཟམ་མ་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་བཏང་པ་རེད།

ལོ་རྒྱུས་ཀྱིས་དངོས་ཡོད་ཁྱབ་བསྒྲགས་བྱེད་པ་དང་། འདས་ཟིན་པས་འབྱུང་འགྱུར་ལ་བློ་སྒོ་འབྱེད། མི་རིགས་ཀྱི་སྲིད་ཇུས་ཡང་དག་གཏན་འབེབས་དང་ལག་བསྟར་ནན་ཏན་བྱ་རྒྱུ་དེ་ཏང་གི་གྲངས་ཉུང་མི་རིགས་མང་ཚོགས་ཁྲོད་ཀྱི་མཚན་སྙན་དང་སྣང་བརྙན་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། ཏང་གི་མི་རིགས་ལས་ཀའི་རྒྱལ་ཕམ་དང་ཐད་ཀར་འབྲེལ་བ་ཡོད་ལ། མི་རིགས་ཕན་ཚུན་བར་གྱི་ཐུན་སྒྲིལ་དང་ཡིད་ཆེས་ལའང་ཐད་ཀར་གྱིས་ཐག་གཅོད་བྱེད་ཀྱི་ཡོད། དེ་ཡང་མི་རིགས་ཡང་དག་པའི་མི་རིགས་སྲིད་ཇུས་ལག་བསྟར་བྱས་པ་ལེགས་པའི་སྐབས་སུ། མི་རིགས་ལས་དོན་བདེ་ལེགས་ངང་གོང་འཕེལ་འགྲོ་བ་དང་། མི་རིགས་མཐུན་སྒྲིལ་ཡང་རྒྱུན་ཆད་མེད་པར་སྲ་བརྟན་ཡོང་བ་རེད། མི་རིགས་སྲིད་ཇུས་ནོར་འཁྲུལ་དང་ཡང་ན་ལག་བསྟར་བྱས་པ་མི་ལེགས་པའི་སྐབས་སུ། མི་རིགས་ལས་དོན་ལ་འགལ་རྐྱེན་འབྱུང་སྲིད་ལ། མི་རིགས་མཐུན་སྒྲིལ་ཉམས་ཞན་དུ་འགྱུར་བ་དང་ཐ་ན་གཏོར་བརླག་ཀྱང་ཐེབས་སྲིད། ཏང་གི་མི་རིགས་སྲིད་ཇུས་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ཡིན་ཞིང་། འདི་ནི་ང་ཚོར་ལག་ལེན་དངོས་ཀྱི་ཁྲོད་ནས་ཐོབ་པའི་བསྡོམས་ཚིག་ཟློག་མེད་ཅིག་ཡིན། མི་རིགས་སྲིད་ཇུས་ལག་བསྟར་ཏན་ཏིག་བྱེད་པར་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ཐུན་མོང་གིས་འབད་བརྩོན་བྱ་དགོས་ཤིང་། མི་རིགས་ཁག་གི་མང་ཚོགས་རྣམས་ཧུར་བརྩོན་གྱིས་ཞུགས་དགོས། དེ་ཡང་ས་ཁུལ་རེ་རེ་དང་། ཚན་པ་རེ་རེ། ལས་ཁུངས་རེ་རེ། དེ་བཞིན་སྤྱི་ཚོགས་ཀྱི་ཁོངས་མི་ཚང་མས་རང་རྟོགས་ཀྱིས་མི་རིགས་སྲིད་ཇུས་བརྩི་སྲུང་བྱས་ན། ད་གཟོད་ཏང་གི་མི་རིགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ཞེས་པའི་སྲོག་རྩ་དེར་ད་གཟོད་སྐྱེ་སྟོབས་རྒྱས་ཐུབ་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།