ཏང་གི་མི་རིགས་རིགས་གཞུང་གི་ནང་དོན་གཙོ་བོ།

(1)མི་རིགས་ནི་ལོ་རྒྱུས་འཕེལ་བའི་དུས་རིམ་ངེས་ཅན་གྱི་ནང་དུ་གྲུབ་པའི་གཏན་འཇགས་ཀྱི་མི་རྣམས་ཀྱི་ཐུན་མོང་ཚོགས་པ་ཞིག་ཡིན། སྤྱིར་བཏང་དུ་བཤད་ན་མི་རིགས་ལ་ལོ་རྒྱུས་ཀྱི་འབྱུང་རྐྱེན་དང་། ཐོན་སྐྱེད་བྱེད་སྟངས། སྐད་རིགས། རིག་གནས། ཡུལ་སྲོལ་གོམས་གཤིས་དང་དེ་བཞིན་བསམ་པའི་ངོས་འཛིན་སོགས་ཀྱི་ཐད་དུ་ཐུན་མོང་གི་ཁྱད་ཆོས་མངའ་བ་ཡིན། མི་རིགས་ཁ་ཤས་ལ་རང་ཉིད་གྲུབ་པ་དང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ་ཆོས་ལུགས་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད།

(2) མི་རིགས་འབྱུང་འཕེལ་དང་། མེད་པར་འགྲོ་བ་བཅས་ནི་རྒྱུན་རིང་བའི་ལོ་རྒྱུས་ཀྱི་གོ་རིམ་ཞིག་ཡིན། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ། མི་རིགས་མེད་པར་འགྲོ་བ་དེ་གྲལ་རིམ་དང་། རྒྱལ་ཁབ་མེད་པར་འགྲོ་བ་ལས་ཀྱང་རྒྱུན་རིང་བ་ཡིན།

(3) སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་ནི་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་དུས་སྐབས་ཤིག་ཡིན། མི་རིགས་སོ་སོའི་བར་གྱི་ཐུན་མོང་གི་ཆ་རྐྱེན་མུ་མཐུད་དུ་ཇེ་མང་འགྲོ་བཞིན་ཡོད། འོན་ཀྱང་མི་རིགས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་པར་དང་། མི་རིགས་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཐད་ཀྱི་ཧེ་བག་ནི་དུས་ཡུན་རིང་པོར་གནས་རྒྱུ་རེད།

(4) མི་རིགས་གནད་དོན་གྱི་ཁྲོད་དུ་མི་རིགས་རང་ཉིད་ཀྱི་འཕེལ་རྒྱས་འདུས་ལ། མི་རིགས་ཕན་ཚུན་བར་དང་། མི་རིགས་དང་གྲལ་རིམ། རྒྱལ་ཁབ་བཅས་བར་གྱི་འབྲེལ་བའི་ཆའང་ཚུད་ཡོད། ད་ལྟའི་འཛམ་གླིང་སྟེང་མི་རིགས་གནད་དོན་ལ་ཡོངས་ཁྱབ་རང་བཞིན་དང་། རྒྱུན་རིང་རང་བཞིན། རྙོག་འཛིང་རང་བཞིན། རྒྱལ་སྤྱིའི་རིང་བཞིན་དང་གལ་ཆེན་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན།

(5)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་བགྲོད་ལམ་ཡིན། རང་རྒྱལ་གྱི་མི་རིགས་གནད་དོན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བའི་ཐུན་མོང་གི་བྱ་གཞག་ཁྲོད་དུ་ད་གཟོད་རིམ་གྱིས་ཐག་གཅོད་བྱེད་ཐུབ།

(6) རང་རྒྱལ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་བསྐྲུན་པའི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཅིག་གྱུར་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཆེས་མཐོ་བའི་ཁེ་ཕན་ཡིན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ལ། རང་འགུལ་གྱིས་མེས་རྒྱལ་གྱི་བདེ་འཇགས་དང་སྙན་གྲགས་ལ་སྲུང་སྐྱོབ་བྱེད་དགོས། རང་རྒྱལ་གྱི་མི་རིགས་གནད་དོན་ནི་རང་རྒྱལ་ནང་ཁུལ་གྱི་དོན་དག་ཡིན་པས། ཕྱིའི་སྟོབས་ཤུགས་གང་ཡང་རུང་བས་མི་རིགས་གནད་དོན་ལ་ཁ་གཡར་ཏེ་རང་རྒྱལ་དུ་སིམ་འཛུལ་དང་གཏོར་བརླག་རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་སྤྱོད་སྤེལ་བ་བཅས་ལ་ངོ་རྒོལ་བྱ་དགོས།

(7) མི་རིགས་ཁག་མི་གྲངས་མང་ཉུང་དང་། ལོ་རྒྱུས་རྒྱུན་རིང་མིན། འཕེལ་རྒྱས་ཀྱི་ཚད་མཐོ་དམན་ལ་མི་ལྟ་བར་ཚང་མ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་ཆ་རྐྱེན་སྔར་ལས་བཟང་བ་བསྐྲུན་པ་དང་། མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་དང་། མི་རིགས་ཁག་གི་མི་དམངས་ཚང་མས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད།

(8) མི་རིགས་ས་ཁོངས་རང་སྐྱོང་ནི་ང་ཚོའི་ཏང་གིས་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་དང་། དེ་ནི་རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྤེལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྲིམས་ལུགས་འགན་སྲུང་ཡིན་པས། ངེས་པར་དུ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས།

(9) འདྲ་མཉམ་དང་། མཐུན་སྒྲིལ། ཕན་ཚུན་རོགས་རམ། ཞི་མཐུན་བཅས་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་ངོ་བོའི་ཁྱད་ཆོས་ཡིན། རྒྱ་རིགས་གྲངས་ཉུང་མི་རིགས་དང་བྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་རྒྱ་རིགས་དང་བྲལ་ཐབས་མེད། གྲངས་ཉུང་མི་རིགས་ཁག་བར་ཡང་ཕན་ཚུན་བྲལ་ཐབས་མེད། མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་། སློབ་སྦྱོང་། མཉམ་འབྲེལ། རོགས་རམ་བཅས་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཟམ་མ་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱ་དགོས།

(10) མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་ནི་དུས་སྐབས་འདིའི་མི་རིགས་ལས་དོན་གྱི་ནང་དོན་གཙོ་བོ་ཡིན། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་རྒྱུ་ནི་དུས་སྐབས་འདིའི་མི་རིགས་ལས་དོན་གྱི་འགན་འཁྲི་གཙོ་བོ་ཡིན་པ་དང་། མི་རིགས་གནད་དོན་ཐག་གཅོད་ཀྱི་བྱ་ཐབས་གཙོ་བོ་ཡིན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས།

(11)རིག་གནས་ནི་མི་རིགས་ཀྱི་ཁྱད་རྟགས་གཙོ་བོ་ཡིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་ཅིང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། གོང་སྤེལ། གསར་སྐྲུན་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མི་རིགས་ཁག་གིས་རིག་གནས་སྤེལ་རེས་ཤུགས་སྣོན་བྱེད་པར་སྐུལ་མ་གཏོང་གི་ཡོད། སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་དང་ཀུན་སྤྱོད་བཟང་ཚད་དང་། ཚན་རིག་རིག་གནས་བྱང་ཚད། བདེ་ཐང་ཡོང་ཚད་བཅས་ཟམ་མ་ཆད་པར་ཇེ་ལེགས་སུ་གཏོང་བའོ། །

(12)གྲངས་ཉུང་མི་རིགས་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་བྱ་རྒྱུ་ནི་མི་རིགས་གནད་དོན་ཐག་གཅོད་དང་། མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་གནད་འགག་ཡིན་ལ། ཕུགས་དང་དོན་རྩར་ཕན་པའི་དོན་ཆེན་ཞིག་ཀྱང་རེད། སྤྱོད་ཡོན་གཉིས་ལྡན་གྱི་གྲངས་ཉུང་མི་རིགས་ལས་བྱེད་པའི་དཔུང་ཁག་ཆེན་པོ་ཞིག་འཛུགས་པར་འབད་བརྩོན་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་འབྱེད་བྱ་རྒྱུ་ནི་འཐབ་ཇུས་ཀྱི་ལས་གགན་གལ་ཆེན་ཞིག་ཡིན་པས། མི་རིགས་ས་ཁུལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་མཁོ་བའི་རིམ་པ་ཁག་གི་ཤེས་ལྡན་པ་སྣ་ཚོགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

ལོ་ཙཱ་བ།རྟ་མགྲིན་དཔལ།