རང་ཞིང་གིས་མུ་མཐུད་དུ་མཁར་གྲོང་གི་འགན་སྲུང་དམའ་བའི་ཚད་གཞི་ཇེ་མཐོར་གཏོང་ཐེངས་བཅུ་གཉིས་པར་སླེབས་པ།

རང་རེའི་དྲ་བའི་འཕྲིན། ཟླ1ཚེས21ཉིན། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་འབྲེལ《2020ལོའི་མཁར་གྲོང་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞི་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བརྡ་སྦྱོར》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཏེ། 2020ལོའི་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་མཐོར་འདེགས་སུ་གཏོང་རྒྱུ་ཐག་གཅོད་བྱས་ཤིང་། འདི་ནི་རང་ཞིང་གིས་མཁར་གྲོང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་མུ་མཐུད་དུ་མཐོར་འདེགས་དང་སྙོམས་སྒྲིག་ཅན་དུ་གཏོང་ཐེངས་བཅུ་གཉིས་པ་རེད།

ཐེངས་འདིའི་དམིགས་ཚད་མཐོར་འདེགས་སུ་གཏོང་བའི་ཁྲོད། གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་སྒོར60ལ་མཐོར་འདེགས་སུ་བཏང་བ་དང་། དེ་ཡང་ཟླ་རེའི་སྒོར580དེ་ཟླ་རེར་སྒོར640ལ་མཐོར་འདེགས་སུ་བཏང་ཤིང་། འཕར་ཚད་ནི10.3%ཡིན། ཞིང་གྲོང་གི་འགན་སྲུང་དམའ་བའི་ཚད་གཞི་དེ་སྒོར500ཡིས་མཐོར་འདེགས་སུ་བཏང་ཞིང་། ལོ་རེའི་སྒོར4300དེ་ལོ་རེའི་སྒོར4800ལ་འཕར་བས། དེའི་འཕར་ཚད་ནི11.6%ཡིན། ཚད་གཞི་གསར་བ་དེ2020ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱས་ཡོད། 《བརྡ་སྦྱོར》དེས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་དང་ནོར་སྲིད་སྡེ་ཁག་གིས་བྱ་བའི་འགན་འཁྲི་དེ་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱེད་པ་དང་སྙོམས་སྒྲིག་རམ་འདེགས་ལ་ཤུགས་སྣོན་བྱེད་པའི་རེ་འདུན་བླང་བྱ་བཏོན་ཡོད།2020ལོའི་ཟླ2པའི་ཟླ་མཇུག་ལ་མཁར་གྲོང་གི་འགན་སྲུང་དམའ་བའི་ཚད་གཞི་མཐོར་འདེགས་སུ་གཏོང་བའི་བྱ་བ་དེ་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་ཐུབ་པར་འགན་སྲུང་ཁག་ཐེག་བྱས་ཡོད། རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གིས་ཀྱང་མགྱོགས་མྱུར་སྒོས་རྩད་གཅོད་ཞིབ་བཤེར་བྱ་བ་ལེགས་པོར་སྒྲུབ་པ་དང་ཚད་གཞི་དེ་མཐོར་འདེགས་སུ་བཏང་རྗེས་དམའ་སྲུང་དམའ་བའི་ཆ་རྐྱེན་ལ་སླེབས་པའི་མཁར་གྲོང་གི་དཀའ་ཁག་ཆེ་བའི་མང་ཚོགས་དག་དུས་ལྟར་འགན་སྲུང་ཁྱབ་ཁོངས་ཁྲོད་དུ་བཞག་ཡོད། དེ་དང་ཆབས་ཅིག་རང་ཞིང་གི་ས་ཁུལ་སོ་སོས《མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཞིབ་བཤེར་ཚད་ལེན་ཆོག་མཆན་གྱི་བྱེད་ཐབས》ལ་ཟུང་འབྲེལ་སྒོས་ལག་བསྟར་དངོས་འབེབས་བྱས་པ་བརྒྱུད། བྱེད་ཐབས་འདྲ་མིན་སྣ་ཚོགས་སྤྱད་དེ་དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་པ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་ཤུགས་སྣོན་བྱེད་པ། དུས་ལྟར་དཀའ་ཁག་ཆེ་བའི་མང་ཚོགས་ལ་དམངས་ཕན་སྲིད་ཇུས་མང་པོ་ཞིག་ཤེས་རྟོག་བྱུང་དུ་འཇུག་པ། མི་དམངས་ཀྱིས་སེམས་ཁུར་བྱེད་པའི་སྲིད་སྲིད་ཀྱི་བྱེད་ཐབས་སེལ་བཀྲོལ་བྱེད་པ། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་དྲིལ་སྒྲོག་བྱ་བ་དེ་གཞི་རིམ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་ཐུབ་པ་བཅས་ལ་ཁག་ཐེག་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།