《མཚོ་སྔོན་ཞིང་ཆེན་གྱི་བཏུང་ཆུ་ལ་གྲོན་ཆུང་བྱེད་པའི་བདག་དོམ་ཐབས་ལམ》ཞེས་པ་པར་སྐྲུན་བྱས་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས39པའི་སྟེང་གྲོས་སྡུར་ཆོག་མཆན་ཐོབ་པ་བརྒྱུད། 《མཚོ་སྔོན་ཞིང་ཆེན་གྱི་བཏུང་ཆུ་ལ་གྲོན་ཆུང་བྱེད་པའི་བདག་དོམ་ཐབས་ལམ》(གཤམ་ནས་《ཐབས་ལམ》ཞེས་བསྡུས་མིང་བཀོལ་རྒྱུ་ཡིན།) དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། དེའི་མི་ཚད2020ལོའི་ཟླ4ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན།

ཞིང་ཆེན་ཡོངས་ཀྱི་བཏུང་ཆུའི་བདག་དོམ་བྱ་བའི་སྲིད་གཞུང་གི་སྒྲིག་སྲོལ་ཅིག་ཡིན་པའི་ཆ་ནས། 《ཐབས་ལམ》པར་སྐྲུན་ནི་ཀྲུང་དབྱང་གི་དུས་རབས་གསར་བའི་ཆུ་བེད་བཅོས་སྐྱོང་གི་བྱེད་ཐབས་ཀྱི་བྱེ་བྲག་མངོན་སྟངས་ལག་བསྟར་དངོས་འབེབས་བྱས་པ་ཡིན་པས། གོམ་གང་མདུན་སྤོས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་ཆུ་བེད་བཀོལ་སྟངས་སྒྲིག་སྲོལ་དང་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་ཆུ་བེད་གྲོན་ཆུང་ལ་སྐུལ་འདེད། ཆུ་བེད་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད། ཆུའི་ཐོན་ཁུངས་ཀྱི་བེད་སྤྱོད་ཕན་འབྲས་དང་ཕན་ནུས་མཐོར་འདེགས་སུ་གཏོང་བ་ལ་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན་ངེས།

《ཐབས་ལམ》དེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་སྐུལ་འདེད་བྱེད་པའི་བཅའ་ཁྲིམས།》 《ཆུ་ལེན་པའི་ཆོག་མཆན་དང་ཆུའི་ཐོན་ཁུངས་ཀྱི་རིན་དངུལ་བསྡུ་ལེན་བདག་དོམ་སྒྲིག་སྲོལ》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་གཏན་འབེབས་གཞིར་བཟུང་སྟེ། ཆུ་ལ་གྲོན་ཆུང་ལེགས་པོ་བྱེད་པ་དང་འཆར་འགོད་བསྡུ་རུབ། ལུགས་མཐུན་སྒྲིག་སྦྱོར། སྤྱི་ཁྱབ་ཚོད་འཛིན། གཏན་འབེབས་བདག་དོམ། ས་བབ་ཡུལ་བསྟུན། རིགས་བཀར་མཛུབ་སྟོན་སོགས་ཀྱི་རྩ་དོན་བཏོན་ནས། ཆུ་བེད་གྲོན་ཆུང་འཆར་འགོད་དང་སྤྱིའི་ཚད་གཞི། ཚོད་འཛིན་ཤུགས་དྲག གཏན་ཁེལ་བདག་དོམ། ཆུ་བེད་འཆར་ལྡན། ཆུའི་རིན་གོང་སོགས་གཞི་རྩའི་བདག་དོམ་སྒྲིག་སྲོལ་གྱིས་ཞིང་ལས་དང་བཟོ་ལས། མཁར་གྲོང་། ཞབས་ཞུའི་ལས་རིགས་བཅས་ལ་ཆུ་བེད་གྲོན་ཆུང་གི་བྱེད་ཐབས་ལག་བསྟར་བྱས། དེ་དང་ཆབས་ཅིག་རང་ཞིང་གི་དོན་དངོས་གནས་ཚུལ་ཟུང་འབྲེལ་བྱས་ཏེ། ཁ་གཏད་རང་བཞིན་གྱི་སྒོ་ནས་ཆུའི་ཐོན་ཁུངས་ཀྱི་དཔྱད་འཇོག་འཆར་འགོད་གསར་འཛུགས་བྱས་ཏེ་ཆུ་བེད་བདག་དོམ་ཉོ་འཚོང་སོགས་ཀྱི་སྒྲིག་སྲོལ་སྤེལ། སྔར་ལས་ལྷག་པའི་སྒོ་ནས་ས་འོག་ཆུའི་བདག་དོམ་ཚོད་འཛིན་ལ་ཤུགས་སྣོན་གསལ་བོ་བྱས་ཏེ། ཞིང་ལས་ཡུར་བའི་ཆུ་བེད་སྤྱོད་ཚད་འཇལ་སོགས་ཀྱི་སྒྲིག་སྲོལ་ལག་བསྟར་དངོས་འབེབས་སྒོས་རྒྱུན་ལྡན་མ་ཡིན་པའི་ཆུའི་འགོ་ཁུངས་དེ་ཆུའི་ཐོན་ཁུངས་གཅིག་གྱུར་གྱི་སྒྲིག་སྲོལ་ཁྲོད་བཞག་ནས་རྒྱུན་ལྡན་མ་ཡིན་པའི་ཆུའི་ཐོན་ཁུངས་ཀྱི་སྒྲིག་གཞི་བེད་སྤྱོད་དེ་རྒྱ་བསྐྱེད་པ་རེད།

《ཐབས་ལམ》དེའི་ནང་གི་གཏན་འབེབས་ཀྱིས་མ་བཅོས་རྒྱུ་ཆ་གཙོ་བོ་ཆུ་ཡིན་པའི་བཏུང་ཆུ་དང་སྐོམ་ཆུ་སོགས་ཐོན་རྫས་ཀྱི་ཁེ་ལས་གཞིར་བཟུང་སྟེ། མ་བཅོས་ཆུ་ཡི་བསྐྱར་བཀོལ་བེད་སྤྱོད་ཚད་གཞི་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞི་ལས་དམའ་བ་རེད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་ལས་རིགས་ཀྱི་སྲིད་འཛིན་བདག་དོམ་སྡེ་ཁག་གིས་བཅོས་སྒྱུར་དུས་བཅད་འགན་འཁྲིའི་བཀའ་བརྡ་བཏང་ཞིང་། དེའི་མི་ཚད་སྒོར་ལྔ་སྟོང་ཡན་ནས་ཁྲི་གཅིག་མན་གྱི་ཆད་པ་བཅད། དུས་གཡོལ་བྱུང་ན་ཡང་བཅོས་སྒྲིག་མི་བྱེད་མཁན་ལ་སྒོར་ཁྲི་གཅིག་ཡན་ནས་ཁྲི་གསུམ་མན་གྱི་ཁྲིམས་ཆད་གཅོད་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།