མཚོ་སྔོན་གྱི་དབུས་ཚྭ་མཚོའི་མཛེས་ལྗོངས་ཆུས་ལ5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་རེ་འདུན་སྙན་ཞུ་ཕུལ་བ།

རང་རེའི་དྲ་བའི་འཕྲིན། ཟླ1ཚེས19ཉིན་གསར་འགོད་པས་དབུས་ཚྭ་ཁའི་མཛེས་ལྗོངས་ཁུལ་ཡུལ་སྐོར་མཉམ་འབྲེལ་ལས་ཁུངས་ཀྱི2019ལོའི་གཟེངས་བསྟོད་ཚོགས་ཆེན་དང་། 2020ལོར་གན་རྒྱ་འཇོག་པའི་མཛད་སྒོའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་དབུས་ཚྭ་མཚོའི་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་སྤུས་ཚད་ལ་སྐར་མ94.1ཐོབ་པ་དང་སྐར་གྲངས་མཐོན་པོར་བརྟེན་ནས5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་རེ་འདུན་སྙན་ཞུ་ཕུལ་བའི་གཞི་རྩའི་རེ་འདུན་ཡོངས་འགྲུབ་བྱུང་ཡོད་པས། ཆེད་མཁས་པ་དག་གི་དཔྱད་འཇོག་ཞིབ་སྡུར་ལེགས་འགྲུབ་བྱུང་ཡོད། དེས་དབུས་ཚྭ་མཚོའི་མཛེས་ལྗོངས་ཁུལ་དེ5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་རེ་འདུན་སྙན་ཞུའི་ཁྲོད་ཞུགས་པ་མཚོན།

མཚོ་སྔོན་དབུས་ཚྭ་མཚོའི་མཛེས་ལྗོངས་ཁུལ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ལམ་རྫོང་གི་ཚྭ་ཁ་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པས། མདོ་ལ་རི་བོ་དང་ཁུ་ནུ་རི་བོ། ཞང་ཕཱེ་རི་བོ་གསུམ་གྱིས་ཡོངས་སུ་བསྐོར་ཡོད་ལ། རང་བྱུང་གི་བར་སྣང་གི་མེ་ལོང་ཞེས་པའི་ངོ་མཚར་མཛེས་ལྗོངས་ཡིན་པས། མཐོ་སྒང་གི་ཚྭ་མཚོའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་ཡང་ཡིན།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། 5Aནི་སྒྲིག་སྲོལ་རང་བཞིན་དང་ཚད་ལྡན་ཅན་གྱི་རྒྱུ་སྤུས་གོ་རིམ་གྱི་དཔྱད་འཇོག་མ་གཞི་འཐུས་ཚང་ཤིག་ཡིན་པས། མིག་སྔར་རྒྱལ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་གྱི་ཆེས་མཐོའི་དཔྱད་འཇོག་ཚད་གཞི་ཡང་ཡིན། ཞིབ་ཚགས་ཅན་དང་མི་གཤིས་ཅན་ལ་དོ་སྣང་ཆེན་པོ་བྱས་ཏེ། འབྲེལ་ཡོད་དཔྱད་འཇོག་གི་ཞིབ་ཆའི་ཁྲོད5Aཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དགོས་མཁོ་ལྟར་སྤྱིའི་སྐར་གྲངས1000གི་ཁྲོད་ནས་སྐར་མ950བླངས་ཡོད་པ་རེད།

འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་ལྟར་ན། 2020ལོར། མཚོ་སྔོན་དབུས་ཚྭ་མཚོའི་མཛེས་ལྗོངས་ས་ཁུལ་གྱིས5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་དཔྱད་འཇོག་མ་ལག8གྱི་ངོས་ཐད་ནས་དཔྱད་འཇོག་སྐར་མ་བརྒྱ་བླངས་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ཞིབ་ཚགས་ཅན་དང་དུས་ཚོད་ཀྱི་གྲོན་ནུས་གསལ་བོར་བཟོས་ཏེ་ཁྱོན་ཡོངས་ནས་ཡུལ་སྐོར་བ་དང་མཉམ་ལས་རུ་དཔུང་གི་མཁོ་སྤྲོད་ལེགས་པོའི་ཐད་ལ་ཞབས་ཞུ་ཐོག་མའི་འགན་འཁྲི་བསྐྲུན་ཞིང་། ཡུལ་སྐོར་སྤུས་ཚད་རྒྱུན་འཁྱོངས་སྒོས་མཐོར་འདེགས་སུ་བཏང་སྟེ། ཞབས་ཞུའི་ཚད་གཞི་འཐུས་ཚང་དང་ཞབས་ཞུའི་འགྲོ་ལུགས་ཞིབ་ཆ་ཅན་ཏུ་བཏང་བ་བརྒྱུད5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ས་ཁུལ་གྱི་སྒོ་བྱང་གསེར་བྲིས་ཅན་ཞིག་ལེན་རྒྱུར་བརྩོན་ལེན་བྱེད་ཀྱིན་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།