མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་སྒོས་མ་དངུལ་བསྡུ་རུབ་བྱས་པའི་གྱོད་དོན་ཅིག་རྩད་ཆོད་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱས་པའི་གྱོད་དོན་ཚབས་ཆེན་ཞིག་རྩད་ཆོད་པ་དང་ཁྲིམས་ལ་བརྟེན་ནས་ཞིབ་བཤེར་རྩད་གཅོད་གོང་གཏུག་བྱེད་བཞིན་པའི་སྒང་ཡིན།

2019ལོར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱས་པ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་སྤེལ་བའི་སྐབས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་སྤྱི་བདེ་ཅུའུ་ཡིས་དག་ཐེར་རྩད་གཅོད་བྱེད་སྐབས་གྱོད་དོན་ལ་འབྲེལ་བ་ཡོད་པའི་ཁུངས་སྣེ་ཞིག་གསར་རྙེད་བྱུང་། མིང་ལ“TTGoAI”ཟེར་བའི་སྐུད་ལམ་སྟེགས་བུ་ཞིག་གིས་འབྲེལ་ཡོད་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་མེད་པའི་སྔོན་འགྲོའི་འོག ཁྱབ་རྒྱ་ཆེན་པོའི་སྒོ་ནས་སྟེགས་བུ་དེར་མ་དངུལ་གཏོང་བའི་མིས་རྩོལ་པའི་འཕྲུལ་ཤེས་ལས་གཞི་ཡིས་མྱུར་དུ་ཁེ་སྤོགས་ལེན་ཐུབ་ཚུལ་དྲིལ་སྒྲོག་བྱས་ཤིང་། དོན་དག་དེ་ནི་ཁྲིམས་འགལ་སྒོས་མ་དངུལ་བསྡུ་བྱས་པའི་བྱ་འགུལ་ལ་འབྲེལ་བ་ཡོད་པའི་དོགས་པ་སྐྱེས། ཞིབ་བཤེར་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ནས་ཟབ་ཞུགས་བྱས་པའི་མ་དངུལ་གཏོང་མཁན་གྱི་མི་གྲངས68དང་མ་དངུལ་བཏང་བའི་རིན་ཐང་སྒོར་ཁྲི370ལ་བུད་པ་རེད།

གྱོད་དོན་གྱི་ཁུངས་སྣེ་དེ་རིམ་བཞིན་གོང་རིམ་ལ་སྙན་ཞུ་བྱས་པ་བརྒྱུད་ཚད་མཐོའི་མཐོང་ཆེན་གནང་། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་འགལ་སྒོས་མ་དངུལ་བསྡུ་རུབ་བྱས་པའི་གྱོད་དོན་འདིར་མཉམ་འབྲེལ་ལྟ་སྐུལ་བྱེད་པའི་འགན་ཁུར། ཟླ2ཚེས28ཉིན། མཚོ་ལྷོ་ཁུལ་གྱིས་ཁུལ་དང་རྫོང་རིམ་པའི་མི་དམངས་ཉེན་རྟོག་མི་སྣ27བདམས་ལེན་བྱས་ཏེ་གྱོད་དོན་ཆེད་གཉེར་ཚན་ཆུང་བཙུགས་ནས་ནུས་ཤུགས་གང་ཡོད་སྒོས་གྱོད་དོན་དེར་རྩད་གཅོད་ནན་མོ་བྱས།

རྩད་གཅོད་ནན་མོ་བྱས་པ་བརྒྱུད། དོགས་ཡོད་ཉེན་ཅན་གཙོ་བོ་ལིག་ག་གེ་མོ་ཡིས་ཕྱི་རྒྱལ་དུ་ཀུང་ཟི་མང་པོ་ཞིག་ཐོ་འགོད་བྱས་ཤིང་། རང་ཉིད་ནི་རྒྱལ་ཁོངས་བརྒལ་བའི་ཁེ་ལས་པའམ་ཚོང་བ་ཚད་ལྡན་ཞིག་ཡིན་པ་རྫུན་བཟོ་བྱས། དེའི་མི་ཚད་མ་རྐང་འཇོག་པའི་བྱེད་ཐབས་ལ་བརྟེན་ནས། ཧྲན་ཞི་ཞིང་ཆེན་གྱི་མྱུར་སྐྱོབས་རུ་དཔུང་ག་གེ་མོ་ཞིག་ལ་རོགས་སྐྱོར་དང་སྤྱི་ཕན་རང་བཞིན་གྱི་རྩ་འཛུགས་ལྭ་བ་གྱོན། འོད་ཀོར་དེའི་འོག་ཏུ་ཆེད་ལས་མི་སྣ་གདན་འདྲེན་སྒོས་མ་དངུལ་གཏོང་བའི“TTGoAI”སྟེགས་བུ་དེ་གསར་འབྱེད་བྱས། ཞིང་ཆེན་གཞན་གྱི་མི་སྣ་གླས་ནས་ཕྱི་རྒྱལ་གྱི་ཀུང་ཟིའི་མཐོ་རིམ་མི་སྣ་དང་གྲོས་མཐུན་མཉམ་ལས་ཀྱི་གན་རྒྱ་འཇོག་པ་སོགས་འཁྲབ་སྟོན་བྱས་ཏེ། མ་དངུལ་གཏོང་མཁན་གཡོ་འགུགས་མི་སྣ་དང་མ་དངུལ་གཏོང་མཁརན་གྱིས་མངོན་གསལ་དྲིལ་སྒྲོག་བྱས། དེ་དང་ཆབས་ཅིག་དོགས་ཡོད་ཉེས་ཅན་ཝང་ག་གེ་མོ་དང་དབྱང་ག་གེ་མོ་སོགས་ལས་བསྡུ་བྱས་ཏེ་ཁྱབ་ཁོངས་འཐུས་ཚབ་པ་བྱས་ནས། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་རུ་མིས་རྩོལ་རིག་ནུས་ཐད་མ་དངུལ་འཇོག་པའི་ལས་གཞི་དར་སྤེལ་བཏང་སྟེ། ཁྲིམས་འགལ་ངང་ནས་མ་དངུལ་བསྡུ་རུབ་བྱེད་པའི་ནག་ཉེས་ཀྱི་བྱ་འགུལ་འཛེམ་མེད་སྒོས་སྤེལ་བ་རེད།

གྱོད་དོན་ལ་རྩད་གཅོད་མྱུལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད། གྱོད་དོན་ཆེད་སྒྲུབ་ཚོ་ཆུང་གིས་དོགས་ཡོད་ཉེས་ཅན3གྱི་ཐོབ་ཐང་དངོས་དེ་གཏན་ཁེལ་བྱས། གྱོད་དོན་འགན་སྒྲུབ་མི་དམངས་ཉེན་རྟོག་པས་བསྟུད་མར་ཟླ་བ9ཡི་རིང་ལ་སྔ་གཞུག་ཏུ་ཞིང་ཆེན12གྱི་ས་ཁུལ་དང་གྲོང་ཁྱེར21ནས་རྩད་གཅོད་བྱས་ཏེ་བདེན་དཔང་བྱས་པ་མ་ཟད། ཡང་དག་པའི་སྒོ་ནས་དངུལ་ཁང་གི་ཉོ་འཚོང་བརྗེ་རེས་ཀྱི་རྩིས་ཐོ་ཁྲི67ལ་ཞིབ་བཤེར་བྱས་མཐར། ལིག་ག་གེ་སོགས་ཀྱིས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱས་པའི་དོན་དངོས་ལ་རྩད་གཅོད་གསལ་བོ་བྱས། དེའི་མི་ཚད་སྔ་གཞུག་ཏུ་དོགས་ཡོད་ཉེས་ཅན3འཛིན་བཟུང་དང་འབྲེལ་ཡོད་སྒྲིག་ཆས་གཞུང་བཞེས། རྩིས་ཐོ་ངོ་མའི་གཞི་གྲངས་འཐུས་ཚང་སོགས་ལེན་ཐུབ་པར་གྱུར་པས། དཔལ་འབྱོར་གྱི་གྱོང་གུད་ཐེབས་ཚད་སྒོར་གྲངས་ཁྲི370ལྷག་ཡིན་པ་རེད།

ད་ལྟའི་བར་དོགས་ཡོད་ཉེས་ཅན3ཁྲིམས་ལྟར་གནས་སྤོར་གོང་གཏུག་བྱས་ཏེ། གྱོད་དོན་གྱི་འབྲེལ་ཡོད་བྱ་བ་དག་གོ་རིམ་ལྡན་པའི་ངང་སྒྲུབ་སྒང་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།