ཕྱུགས་རིགས་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་སྒོས་ཞིང་སྡེ་དར་རྒྱས་ལ་རོགས་འདེགས་བྱས་པ།

ཞིང་སྡེ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ནི་གཙོ་བོ་ཞིག་རེད་ལ། ཕྱུགས་རིགས་ཐོན་ལས་ནི་ཞིང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པའི་གདུང་འདེགས་ཐོན་ལས་ཤིག་རེད། དེའི་ཁྲོད་རིགས་མང་པ་དང་གཞི་ཁྱོན་ཆེ་བ། མཐུད་སྦྲེལ་རིང་བ་བཅས་ཀྱིས་ཞིང་འབྲོག་ས་ཁུལ་གྱི་རྨང་གཞིའི་རང་བཞིན་དང་གདུང་འདེགས་རང་བཞིན་གྱི་ཐོན་ལས། དེའི་མི་ཚད་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་དམ་པོ་ཞིག་ཡོད་པས། ཞིང་སྡེ་དར་རྒྱས་འཐབ་ཇུས་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད།

རྒྱལ་ཁབ་ཀྱི་འབྲེལ་ཡོད་དབང་ཤུགས་སྒྲིག་འཛུགས་ཀྱིས་སྔོན་ཆད་དབྱེ་ཞིབ་ལས་བསྟན་དོན། རང་རྒྱལ་གྱི་ཞིང་སྡེ་ཐོན་ལས་དར་རྒྱས་ཀྱི་ཞན་ཆ་ཆེས་ཆེ་ཤོས་དང་བར་སྟོང་ཆེས་ཆེ་ཤོས་དེ་ཡང་ཕྱུགས་རིགས་ཐོན་ལས་ཀྱིས་བཟུང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། རང་ཞིང་གི་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་ལ་ཅི་ཡིས་ཀྱང་བར་མ་ཆོད་ལ། ཚན་རྩལ་གྱིས་ཞིང་འབྲོག་ལས་རིགས་ཀྱི་རྒྱུ་སྤུས་ཞན་ཆ་ལ་གསར་གཏོད་ཐོལ་བརྒལ་བཏང་བ་རེད། ཁྲོམ་ར་ཅན་གྱི་སྒྲིག་སྲོལ་གྱིས་ཕྱུགས་རིགས་ཐོན་ལས་ཀྱི་ཁ་གྲངས་གང་དེའི་ཞན་ཆ་ཡང་ཐོལ་བརྒལ་བཏང་འདུག་པས། ཕྱུགས་རིགས་ཐོན་ལས་ཀྱི་ཚོང་ལས་དྲག་པོའི་ཚད་དམའ་བའི་དུས་རབས་གང་དེར་ཁ་གྱེས་པ་མ་ཟད། དུས་སྐབས་གསར་བ་ཞིག་ལ་གོམ་པ་སྤོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་སྟེང་ཡང་བསྐྱར་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་སྒོས་འཐུས་ཚང་ཅན་ཏུ་བཏང་སྟེ། ཚན་རྩལ་གསར་གཏོད་སྒྲིག་སྲོལ་འཐུས་ཚང་དང་ཆུ་ཚད་མཐོན་པོའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྒྲིག་གཞི་གསར་བ་འཛུགས་སྐྲུན་བྱས་ཤིང་། འདིས་རང་ཞིང་གི་ཕྱུགས་རིགས་ཐོན་ལས་དེ་རྣམ་པ་གསར་བའི་འཕེལ་རྒྱས་ཅན་ལ་འགྲོ་བར་ཤུགས་ཆེན་པོས་སྐུལ་འདེད་དང་རིམ་འཕར་མཐོར་འདེགས་བཅས་ཀྱིས་མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་འབེབས་གསལ་བོ་བྱས་ཏེ། མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་འཕེལ་རྒྱས་ཐད་ལ་ཕྱུགས་རིགས་ཐོན་ལས་ཀྱི་ཆོད་སེམས་སྲ་བརྟན་ཅན་ཏུ་བཏང་ཡོད་པ་མཚོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་གྱི་དེང་རབས་ཞིང་འབྲོག་ཐོན་ལས་ཀྱི་དཔེར་མཚོན་ར་བ་ཆེན་པོ་བཞིའི་ཁྲོད་ཀྱི་གཅིག་ཡིན་པའི་ཆ་ནས། ལྷོ་འབྲོག་བྱང་ཕྱུགས་ཀྱི་ཁྱབ་ཁོངས་སྒྲིག་གཞི་ཡང་ཧ་ཅང་མངོན་གསལ་དོད་པོ་ཡིན། ལོ་འདི་དག་གི་རིང་ལ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག རྒྱ་ཆེའི་ཞིང་འབྲོག་མི་དམངས་མང་ཚོགས་བཅས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཁུལ་ཡོངས་ཀྱི་ཕྱུགས་རིགས་ཐོན་ལས་ལ་རྐང་ཟུག་ཐུབ་པའི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ད་ལྟ་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་རང་བྱུང་གི་སྐྱེ་ལྡན་འབྲོག་ར་རུ་གྱུར་ཡོད་པས། མུ་མཐའ་མེད་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོ་ཞིག་མིག་ལམ་དུ་འཆར་ཐུབ་པ་རེད།

དེ་དང་ཆབས་ཅིག ཁེ་ལས་ཀྱི་འགོ་ཁུངས་སྣེ་ཁྲིད་ཀྱིས་ཞིང་འབྲོག་མི་དམངས་ཀྱི་ཆེད་ལས་མཉམ་ལས་ཁང་ཧུར་ཐག་སྒོས་བསྡུ་རུབ་དང་དབུལ་ཁྱིམ་ཡིག་ཚགས་ཅན་ལ་མཐུད་སྦྲེལ་དམ་པོ་བྱས་ཏེ། སྡེ་བའི་གཅིག་བསྡུས་དཔལ་འབྱོར་སྣ་མང་ཅན་དང་རྣམ་གཞག་མང་པོ་ཅན་ལ་བརྟེན་ནས་གྲུབ་འབྲས་མངོན་གསལ་ཅན་བླངས་ཡོད། ཞིང་གྲོང་འབྲོག་ཁུལ་དུ་འཚོ་བའི་ཁོར་ཡུག་མཛེས་པ་དང་ཐོན་ལས་འཕེལ་རྒྱས་གང་ལེགས། འབྲོག་དམངས་འཚོ་བ་ཕྱུག་པའི་འཆམ་མཐུན་གྱི་རི་མོའི་གླེགས་བམ་ཞིག་གསར་དུ་བྲིས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།