མིག་སྔར་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་ཅེས་ཟེར་དོན་ཅི།

2009ལོའི་ཟླ་8 ཚེས་25 ཉིན“ནང་སོག་དང་ཞིན་ཅང་། ཀོང་ཞི། ཉིང་ཞ། བོད་ལྗོངས་བཅས་ཀྱི་གྲུབ་འབྲས་འགྲེམས་སྟོན”དེ་པེ་ཅིན་གྱི་མི་རིགས་རིག་གནས་ཕོ་བྲང་དུ་སྟོན་འགོ་བརྩམས། འདྲ་པར་རེ་རེ་དང་། གཞི་གྲངས་རེ་རེ། འདྲ་དཔེ་རེ་རེ། དངོས་རྫས་རེ་རེ་བཅས་ཀྱིས་གྲུབ་པའི་འགྲེམས་སྟོན་ཆེན་པོ་དེས་རང་རྒྱལ་མི་རིགས་ས་ཁུལ་གྱི་ལོ་ངོ་60རིང་གི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་དང་གྲུབ་འབྲས་ཕུན་སུམ་ཚོགས་པ་དེ་གསལ་བར་མཚོན་ཡོད། གལ་སྲིད“གནམ་ས་བླ་འོག་བསྒྱུར་བ” ཞེས་པས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་ངོ་60རིང་གི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་སྤྱི་བསྡོམས་བྱས་ཡོད་ཅེས་བརྗོད་ཚེ། “ གཟི་མདངས་རྣམ་པར་འཕྲོ་བ” ཞེས་པ་དེས་ད་སྔའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་གནས་བབ་གསོན་ཉམས་ལྡན་པར་མཚོན་ཡོད་ཅེས་བརྗོད་ཆོག

ད་ལྟའི་དུས་སྐབས་འདི་ནི། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་ལ་འགྲོ་སོང་གཏོང་ཤུགས་ཆེས་ཆེ་བའི་དུས་སྐབས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་རྣམ་པ་ཀུན་ཏུ་མི་རིགས་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་ཀྱིན་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ང་ཚོའི་ཏང་གིས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་ཞེས་པའི་དུས་རབས་གསར་པ་དང་དུས་རིམ་གསར་པའི་མི་རིགས་ལས་དོན་གྱི་བརྗོད་བྱ་བཏོན་ཞིང་། མི་རིགས་ས་ཁུལ་མགྱོགས་མྱུར་གོང་འཕེལ་དེ་སྔར་ལས་འབུར་ཐོན་གྱི་འཐབ་ཇུས་གནས་བབ་ཐོག་བཞག་ནས་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ཞིག་བཅད་ཡོད་པ་རེད། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད། རང་རྒྱལ་གྱི་རང་སྐྱོང་ལྗོངས་5དང་། རང་སྐྱོང་ཁུལ་30དང་། རང་སྐྱོང་རྫོང་120ཁྲོད་ཀྱི་རང་སྐྱོང་རྫོང་83བཅས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཁྱབ་ཁོངས་སུ་ཚུད་ཡོད་པའམ་ཡང་ན་ནུབ་རྒྱུད་གསར་སྤེལ་ཆེན་པོའི་སྲིད་ཇུས་ལོངས་སུ་སྤྱད་ཆོག་པ་རེད། ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་སྐོང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་མི་རིགས་ཀྱི་ལས་ཀའི་ཁྱོན་ཡོངས་སྒྲིག་བཀོད་དང་འབྲེལ་བའི་ཆོད་དོན་དང་པོ་དེ་ཐོག་མར་གཏན་འབེབས་གནང་བ་སྟེ། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ཅེས་པ་དེ་རེད། མཐའ་དར་དམངས་ཕྱུག་དང་། མི་གྲངས་ཅུང་ཉུང་བའི་མི་རིགས། གྲངས་ཉུང་མི་རིགས་ཀྱི་བྱ་གཞག་སོགས“ ལོ་ལྔའི་འཆར་གཞི་བཅུ་གཅིག་པའི” རྒྱལ་ཁབ་ཀྱི་ཆེད་དམིགས་རྣམ་གྲངས་ཇུས་འགོད་གསུམ་གཏན་འབེབས་བྱས་ཤིང་། སྔ་གཞུག་ཏུ་བོད་ལྗོངས་དང་། ཞིན་ཅང་། ཉིང་ཞ། མཚོ་སྔོན་སོགས་བོད་ཁུལ་དང་། ཡུན་ནན་མཐའ་མཚམས་ས་ཁུལ་། ཀོང་ཞིའི་བྱང་རྒྱུད་མཚོ་ཁུག་དཔལ་འབྱོར་ཁུལ་སོགས་མི་རིགས་ས་ཁུལ་མགྱོགས་མྱུར་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་པའི་ཡིག་ཆ་གཏན་འབེབས་བྱས་ཤིང་། ནུབ་རླངས་ཤར་འདྲེན་དང་། ནུབ་གློག་ཤར་སྐྱེལ། མཚོ་བོད་ལྕགས་ལམ་སོགས་གཙོ་ཆེའི་ལས་གྲྭ་ཁག་ཅིག་རོགས་རམ་བྱས་ཏེ་བསྐྲུན་ཚར་བ་དང་། གནམ་གྲུ་ཐང་དང་། མྱུར་བགྲོད་གཞུང་ལམ། ཆུ་བེད་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་སྐོར་ཞིག་བསྐྲུན་ཏེ། མི་རིགས་ས་ཁུལ་སྔར་བས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བཏིང་ཡོད། 2008ལོར་མི་རིགས་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་18453ལ་སླེབས་པ་དང་། མཐའ་དར་དམངས་ཕྱུག་བྱེད་སྒོའི་ཁ་གསབ་མ་དངུལ་2000 ལོའི་སྒོར་ཁྲི་1500ནས་སྒོར་དུང་ཕྱུར་3.6ལ་འཕར་ཞིང་། རོགས་སྐྱོར་ཐོབ་པའི་མཐའ་མཚམས་གྱི་རྫོང་120ལ་འཕར་བ་རེད། ལོ་ངོ་4རིང་མི་གྲངས་ཅུང་ཉུང་བའི་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་རོགས་དངུལ་སྒོར་25.06གཏོང་བ་དང་ལས་གཞིའི་རྣམ་གྲངས་8000ལྷག་བསྐྲུན་པ་རེད།

ད་ལྟའི་དུས་རིམ་འདི་ནི། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆེས་མགྱོགས་པའི་དུས་སྐབས་ཡིན། 2008ལོར། མི་རིགས་ས་ཁུལ་གྱི་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་2684ལ་སླེབས་པ་དང་། 1978 ལོའི་ལྡབ་51རེད། དཔལ་འབྱོར་དམིགས་ཚད་གཙོ་གྲས་ཁག་རྣམས་ལོ་30དང་། ལོ་60སྔོན་དང་བསྡུར་ཚེ། ཚང་མ་ལྡབ་བཅུ་ཕྲག་ཁ་ཤས་དང་བརྒྱ་ཕྲག་ལྷག་འཕར་འདུག མི་རིགས་ས་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་ཀྱི་བསྡུར་ཚད་དེ་1978 ལོའི38:41:21དེ་2008ལོར16:47:37བཅས་ལ་འགྱུར་བ་རེད། ཞིང་ཕྱུགས་ལས་ཀྱི་བསྡུར་ཚད་མངོན་གསལ་གྱིས་ཝཇེ་ཉུང་དུ་སོང་ཞིང་། བཟོ་ལས་དང་ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་མངོན་གསལ་གྱིས་མཐོ་རུ་སོང་ནས་དཔལ་འབྱོར་གྲུབ་ཚུལ་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་པ་རེད། མི་རིགས་ས་ཁུལ་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་སྟེ། རང་རྒྱལ་གྱི་ཞིང་ཕྱུགས་ཐོན་རྫས་དང་བཟོ་ཞིང་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་དུ་གྱུར། དེ་དང་ཆབས་ཅིག་ཏུ་མི་རིགས་ས་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བྱུང་སྟེ། ས་ཆ་མང་པོའི་རྐང་འཛིན་ཐོན་ལས་སུ་གྱུར་པ་རེད། རྨོ་བསྐྱུར་ནགས་སྐྱོང་དང་རྩྭ་འདེབས། རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ལས་གྲྭར་ནན་ཏན་གྱིས་སྐུལ་འདེད་བཏང་བ་དེས། ས་ཆུ་ཤོར་སྐྱོན་དང་། བྱེ་མར་གྱུར་ནས་མི་རྣམས་གནས་སྤོ་བྱེད་པ་སོགས་སྣོད་བཅུད་ཇེ་སྡུག་ཏུ་འགྲོ་བའི་གནས་བབ་དེར་རགས་ཙམ་བཀག་སྡོམ་བྱས་ཐུབ་ཡོད། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མང་ཚོགས་ཀྱི“སྒོར་ཁུག” སྔར་བས་འབུར་བ་དང་། “ ཁྱིམ་ཆས” ཇེ་མང་དུ་གྱུར་པ་རེད། དེ་ཡང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་མཛུབ་སྟོན་འོག་མི་རིགས་ས་ཁུལ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་ཐོག་མར་བསྐྱོད་པ་རེད།

ད་ལྟའི་དུས་སྐབས་འདི་ནི། མི་རིགས་ས་ཁུལ་གྱི་རིག་གནས་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེས་ལེགས་པའི་དུས་སྐབས་རེད། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་། སྲུང་སྐྱོང་། དར་སྤེལ་བཅས་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན་ནང་གྲངས་ཉུང་མི་རིགས་ཀྱི་རྣམ་གྲངས་ཀྱིས་བརྒྱ་ཆ་30ཟིན་ཡོད་པ་རེད། མི་རིགས་ས་ཁུལ་དང་ལྷག་པར་དུ་བས་མཐའི་མི་རིགས་ས་ཁུལ་གྱི་རིག་གནས་རྨང་གཞིའི་སྒྲིག་བཀོད་བསྟུད་མར་ལེགས་བཅོས་བྱུང་བ་དང་། མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཚོགས་པར་གྱུར་ཡོད། 2005ལོར་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་རྒྱལ་ཁབ་ཀྱི་ཁྲིམས་བཀོད་བྱ་འགུལ་དུ་གཏན་ཁེལ་བྱས་ཡོད། 2009 ལོའི་ཟླ་6པར། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་གྱི་ཚོགས་འདུ་ཚོགས་ནས《 གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་སྔར་བས་དར་རྒྱས་གོང་སྤེལ་སྐོར་གྱི་བསམ་འཆར་འགའ》གཏན་འབེབས་གནང་བ་དང་།  མི་རིགས་གྲངས་ཉུང་གི་རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་མང་པོ་ཞིག་གཏན་འབེབས་བྱས། 2009ལོའི་ཟླ་8ཚེས་1 ཉིན《 མི་དམངས་ཉིན་རེའི་ཚགས་པར》 གྱི་བོད་ཡིག་པར་གཞི་བོད་མི་འདུས་སྡོད་ས་ཁུལ་ནས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱེད་འགོ་བརྩམས། འདི་དག་ཚང་མ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་ངོ་60ཡི་ལོ་རྒྱུས་ཁྲོད་ཀྱི་ཐེངས་དང་པོ་ཡིན་ལ་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བསུས་ཡོང་བ་རེད། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། རྒྱལ་ཡོངས་ནས་“ རྩ་ཆག་གཉིས་དང་ཁ་གསབ་གཅིག” གི་སྲིད་ཇུས་སྤེལ་བ་དང་། “ གཞི་རྩ་གཉིས” ཀྱི་འགག་སྒྲོལ་ལས་དོན་ཤུགས་ཆེན་པོས་ལག་བསྟར་བྱས། ད་ལྟ་རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་རྫོང་རིམ་པའི་སྲིད་འཛིན་དབྱེ་འབྱེད་སྡེ་ཁག་674ཡིས“ལོ་དགུའི་འོས་འགན་སློབ་གསོ་གཞི་རྩའི་ཐོག་ཁྱབ་གདལ་གཏོང་བ་དང་། ན་གཞོན་དང་དར་མའི་ཡིག་རྨོངས་གཞི་རྩའི་ཐོག་གཙང་སེལ་བྱེད་པའི”“གཞི་རྩ་གཉིས” ཀྱི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།

ད་ལྟའི་དུས་སྐབས་འདི་ནི། མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཁེ་བཟང་ཆེས་མང་བ་ཐོབ་པའི་དུས་སྐབས་ཡིན། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀར། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་དེ་གཙོ་གཞིར་བཟུང་ནས་། ཏན་ཏིག དོན་བཟང་སྒྲུབ་པ། དཀའ་གནད་སེལ་བ་བཅས་རེ་རེ་བཞིན་དུ། དམངས་འཚོ་དང་འབྲེལ་བའི“ཀུན་གྱིས་དོ་སྣང་བྱེད་ཡུལ” དང“དཀའ་གནད” ཅན་གྱི་གནད་དོན་དག་ཐག་གཅོད་བྱེད་བཞིན་ཡོད། དེ་མིན་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་ངལ་རྩོལ་ནུས་ཤུགས་གཞན་བསྒྱུར་སྦྱོང་བརྡར། གནས་གཞན་གསར་སྤེལ་བྱེད་པ། སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་བྱ་ཐབས་ལག་བསྟར་བྱས་པ་བརྒྱུད། མི་རིགས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། “ ཟ་མ་དཀའ་བའི” གནད་དོན་སྔར་བས་ཐག་གཅོད་ཐུབ་པ་བྱུང་། མི་རིགས་ས་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་མེད་བཏུང་ཆུའི་ལས་གྲྭ་ལག་བསྟར་བྱས་ཏེ“ བཏུང་ཆུ་དཀའ་བའི” གནད་དོན་རིམ་གྱིས་ཐག་གཅོད་བྱེད་བཞིན་ཡོད། ཞིན་ཅང་ལྷོ་ཕྱོགས་ཀྱི་མང་ཚོགས་ཁྲི་200ལྷག་གིས་མི་རབས་ནས་མི་རབས་བར་ཀྱོང་འཁྱིལ་ཉོག་ཆུ་བཏུང་བའི་རྣམ་པ་བསྒྱུར་ཏེ་ཞིམ་མངར་གྱི་དོང་ཆུ་དྭངས་མོ་འཐུང་ཐུབ་པར་གྱུར། མི་རིགས་ས་ཁུལ་གྱི་འབྲོག་མི་གཏན་སྡོད་ལས་གྲྭ་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། མི་རིགས་ས་ཁུལ་གྱི་སྤྱིལ་ཁང་དང་ཁང་པ་ཉེན་ཅན་དང་རྙིང་པ་ལེགས་བཅོས་བྱས་ཏེ “ སྡོད་ཁང་དཀའ་ངལ་ཡོད་པའི” གནད་དོན་སྔར་བས་ཡག་པ་ཐག་གཅོད་བྱུང་། 2009ལོའི་ཟླ་6པའི་བར། ཞིན་ཅང་ཁོ་ནའི་མི་རིགས་ཁག་གི་མང་ཚོགས་ཁྲི་890ལྷག་སྲིད་གཞུང་གིས་རོགས་དངུལ་བཏང་སྟེ་བསྐྲུན་པའི་ཡོམ་འགོག་སྡོད་ཁང་དུ་གནས་སྤོ་བྱས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ཞིང་། ཀྲུང་དབྱང་ནོར་སྲིད་ཀྱིས་མི་རིགས་ས་ཁུལ་གྱི་གྲོང་གསེབ་འཕྲོད་བསྟེན་ཁང་དང་གྲོང་ཁྱེར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན“ ནད་གཞི་ལྟ་དཀའ་བའི་” གནད་དོན་ཐག་གཅོད་རགས་ཙམ་ཐུབ་ཡོད། མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་འཛུགས་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཛུགས་རྒྱུ་དང་། ཡོང་འབབ་དམའ་བའི་མི་འབོར་དང་ཉམས་ཐག་རིགས་ཀྱི་འཚོ་བའི་དཀའ་ངལ་རིམ་གྱིས་ཐག་གཅོད་བྱེད་བཞིན་ཡོད།  《མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་འཆར་འགོད་(2005 ལོ)》 བཟོས་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་22 འཕེལ་རྒྱས་རྗེས་སུ་ལུས་པའི་གནད་དོན་ཐག་གཅོད་དང་། མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སྒྱུར་བྱེད་བཞིན་ཡོད། མཐའ་དར་དམངས་ཕྱུག་བྱེད་སྒོ་ཤུགས་ཆེན་གྱིས་སྤེལ་ཏེ། མཐའ་མཚམས་ཀྱི་རྫོང་དང་མཐའ་མཚམས་དཔུང་སྡེ་ཞིང་ར་ཡོངས་ལ་ཁྱབ་པ་དང་། མཐའ་མཚམས་མི་རིགས་ས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཆེ་བའི་གནད་དོན་ཐག་གཅོད་རགས་ཙམ་བྱས་ཡོད། དམངས་འཚོ་བྱེད་ཐབས་རེ་རེ་དང་། མིག་མཐོང་ལག་ཟིན་གྱི་དངོས་ཕན་རེ་རེ་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དག་ཐུན་མོང་དུ་ལོངས་སྤྱོད་བཞིན་ཡོད་དོ།།

ལོ་ཙཱ་བ།རྟ་མགྲིན་དཔལ།