ཝང་ཅན་ཅོན་དང་ལིག་ཉིང་སོགས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱིས་བློ་མཐུན་རྒན་པར་འཚམས་འདྲི་གནང་བ། 

རང་རེའི་དྲ་བའི་འཕྲིན་ལྟར་ན། ལོ་སར་དུས་ཆེན་གྱི་སྔ་ནུབ་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲེན་ཀྲང་ལིག་ཉིང་དང་ལྷན་དུ་བློ་མཐུན་རྒན་གྲས་སངས་རྒྱས་དང་པད་མར་འཚམས་འདྲི་གནང་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས་པ་རེད། 

སངས་རྒྱས་རྒྱལ་དང་པད་མའི་ཁྱིམ་དུ་ཝང་ཅན་ཅོན་དང་ལིག་ཉིང་གིས་ཁོང་ཚོའི་འཚོ་བ་དང་གཟུགས་པོའི་གནས་ཚུལ་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་ངོ་སྤྲོད་མདོར་བསྡུས་གནང་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས། ཝང་ཅན་ཅོན་དང་ལིག་ཉིང་གིས་འདས་ཟིན་པའི་ལོ་གཅིག་རིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་འཕེལ་རྒྱས་ཡག་པོ་བཏང་བའི་རྨང་གཞིའི་ཐོག་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། མཚོ་སྔོན་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལྟར“དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞིའི”སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་དོན་འཁྱོལ་བྱ་རྒྱུར་འདེགས་སྐྱོར་བྱས་ཡོད། མཚོ་སྔོན་གྱི་ཁ་སང་དང་། དེ་རིང་། སང་ཉིན་བཅས་ཚང་མར་བློ་མཐུན་རྒན་གྲས་ཀྱི་བློ་གྲོས་དང་། སེམས་ཤུགས། ལེགས་སྐྱེས་བཅས་གཅིག་ཏུ་འདུས་ཡོད། བློ་མཐུན་རྒན་གྲས་ཀྱིས་སྐུ་གཟུགས་ལ་གཅེས་སྤྲས་བྱས་ནས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བྱ་གཞག་ཁག་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། ཝང་ཅན་ཅོན་དང་ལིག་ཉིང་གིས་སངས་རྒྱས་རྒྱལ་དང་། པད་མ་སོགས་ལ་ལོ་སར་དུས་ཆེན་ལ་སྤྲོ་པོ་ཡོང་བ། ནད་མེད་ཚེ་རིང་། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་སྙིང་ཐག་པ་ནས་ཞུས།

སངས་རྒྱས་རྒྱལ་དང་པད་མས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་པར་བརྟེན་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྙིང་དབུས་ནས་དགའ་པོ་བྱུང་། ཁོང་ཚོས་མུ་མཐུད་དུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ཏེ་འབྱོར་ཕྱུག་ཤེས་དཔལ་དང་ཞི་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་ཆེད་ནུས་ཤུགས་ཡོད་རྒུ་འདོན་དགོས་ཞེས་བཤད་པ་རེད། 

ལོ་ཙཱ་བ། ཀླུ་མོ།