རང་རེའི་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་བསྟུད་མར་ཐེངས་བཅུ་གཉིས་པ་ཇེ་མཐོར་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས་21ཉིན། ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག《2020ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་གཏང་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་སྟེ། 2020ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མཐོ་རུ་གཏང་རྒྱུའི་གཏན་འབེབས་བྱས་པ་རེད། དེ་ནི་རང་ཞིང་གིས་བསྟུད་མར་ཐེངས་བཅུ་གཉིས་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ལེགས་སྒྲིག་དང་ཇེ་མཐོར་བཏང་བ་ཡིན།

ཐེངས་འདིའི་ཚད་གཞི་མཐོ་རུ་བཏང་བའི་ཁྲོད་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་སྒོར60མཐོ་རུ་བཏང་སྟེ། ཟླ་རེར་སྒོར580ནས་ཟླ་རེར་སྒོར640བར་མཐོ་རུ་བཏང་བ་དང་འཕར་ཚད10.3%ཟིན་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་སྒོར་500མཐོ་རུ་བཏང་སྟེ། ལོ་རེར་སྒོར4300ནས་ལོ་རེར་སྒོར4800བར་མཐོ་རུ་བཏང་བ་དང་འཕར་ཚད11.6%ཟིན་ཡོད། ཚད་གཞི་གསར་པ་དེ2020ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《བརྡ་ཐོའི》ནང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་དམངས་སྲིད་དང་ནོར་སྲིད་སྡེ་ཚན་གྱིས་བྱ་བའི་འགན་འཁྲི་ནན་ཏན་སྒྲུབ་པ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། 2020ལོའི་ཟླ2པའི་ཟླ་མཇུག་གོང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་མཐོ་རུ་གཏང་བའི་བྱ་བར་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པའི་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན་པ་རེད། རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་ཀྱང་མཐིལ་རྟོགས་གྲལ་བཤེར་བྱ་བ་གང་མགྱོགས་སྤེལ་ནས་ཚད་གཞི་མཐོ་རུ་བཏང་སྟེ། མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་ལོན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་དུས་ཐོག་ཏུ་འགན་སྲུང་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཞིབ་བཤེར་མཆན་འགོད་བྱ་ཐབས》ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ། རྣམ་པ་སྣ་ཚོགས་སྤྱད་དེ་དྲིལ་སྒྲོག་བྱ་བ་ཡག་པོར་སྤེལ་པ་དང་། སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དམངས་འཚོར་ཕན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བའི་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་ཤེས་སུ་འཇུག་པ་དང་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་སྒྲོག་བྱ་རྒྱུ་ཡིན་པ་བསྟན།

ལོ་ཙཱ་བ།གཡང་སྐྱིད།