རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་དཔེ་གསར་ཅན་དེ་ཇི་ལྟར་གྲུབ་པ་དང་འཕེལ་རྒྱས་བྱུང་བ་ཡིན་ནམ།

《མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གོ་བདེའི་ཀློག་དེབ》ལས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་དཔེ་གསར་ཅན་དེ་ཇི་ལྟར་གྲུབ་པ་དང་འཕེལ་རྒྱས་བྱུང་བའི་སྐོར་བཤུས་པ་གཤམ་གསལ།

ཀྲུང་གོ་རྙིང་པའི་མི་རིགས་འབྲེལ་བ་ནི་འདྲ་མཉམ་མིན་ཞིང་། མི་རིགས་བར་དོགས་པ་ཟ་བ་དང་། འཁོན་འགྲས་སོགས་འགལ་བ་ཤིན་ཏུ་མངོན་གསལ་ཡིན། མི་རིགས་མང་པོའི་ནང་ཁུལ་དུ་ཡང་མཐུན་སྒྲིལ་མེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ལོ་རྒྱུས་ཐོག་གི་མི་རིགས་གཉའ་གནོན་དང་མི་རིགས་བཤུ་གཞོག་ལམ་ལུགས་རྦད་དེ་མེད་པར་བཟོས། དེ་ནས་བཟུང་རང་རྒྱལ་གྱི་མི་རིགས་འབྲེལ་བའི་དུས་རབས་གསར་པའི་འགོ་བརྩམས་པ་རེད། དེ་རིང་འདྲ་མཉམ་དང་། མཐུན་སྒྲིལ། ཕན་ཚུན་རོགས་རམ། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རང་རྒྱལ་དུ་གཏན་འཁེལ་ཟིན་པ་མ་ཟད་ཟམ་མི་ཆད་པར་འཕེལ་རྒྱས་དང་། མི་རིགས་ཁག་གིས་མེས་རྒྱལ་ཁྱིམ་གཞི་ཆེན་པོ་མངའ་ཐང་ལྡན་པ་ཡོང་ཆེད་དུ་ཐུན་མོང་ཐོག་འབད་བརྩོན་བྱེད་ལྷོད་མེད་བྱེདེ་བཞིན་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས་མི་རིགས་ཁག་བར་གྱི་འཁོན་འགྲས་མེད་པར་བཟོ་ཆེད། ཏང་དང་རྒྱལ་ཁབ་ཀྱིས་འཚམ་འདྲི་ཚོགས་པ་མི་རིགས་ས་ཁུལ་དུ་འཚམས་འདྲིར་མངགས་པ་དང་། མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་སྒྲིག་འཛུགས་བྱས་ནས་ནང་སར་ལྟ་སྐོར་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་སེལ་རོགས་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བཅས་བྱས་ནས་མི་རིགས་ཁག་དང་། ཆོས་ལུགས་ཀྱི་མཐོ་རིམ་བར་མཐུན་སྒྲིལ་ཡོང་ཐབས་བྱས་ཤིང་། དེས་མི་རིགས་འབྲེལ་བར་ལེགས་བཅོས་ཀྱི་ཕན་ཡང་ཆེན་པོ་ཐོན་པ་དང་། མི་རིགས་ཁག་བར་གྱི་ཡིད་རྟོན་དང་མཐུན་སྒྲིལ་ཟབ་ཏུ་ཕྱིན་ལ། མི་རིགས་ཁག་གིས་མེས་རྒྱལ་ལ་དང་ལེན་བྱེད་སེམས་དང་དགའ་ཞེན་ཤུགས་ཆེ་རུ་བཏང་ཡོད་པ་རེད། གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་ཁེ་དབང་དང་རང་སྐྱོང་ཁེ་དབང་མངོན་འགྱུར་བྱེད་ཆེད། ཏང་དང་རྒྱལ་ཁབ་ཀྱིས་ལོ་རྒྱུས་ལས་ཤུལ་དུ་ལུས་པའི་མི་རིགས་ལ་མཐོང་ཆུང་བྱེད་པའི་ཤུལ་རྗེས་ཐམས་ཅད་རྩ་མེད་བཏང་བ་དང་མི་རིགས་ངོས་འཛིན་གྱི་ལས་ཀ་སྤེལ་བ་དང་། མི་རིགས་ཀྱི་གྲུབ་ཆ་གཏན་འཁེལ། མི་རིགས་རང་སྐྱོང་ས་གནས་བཙུགས་པ་བཅས་ཀྱི་བྱེད་ཐབས་སྤེལ་བའི་ཐོག་ནས་གྲངས་ཉུང་མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་འདྲ་མཉམ་གྱི་ཁོངས་མིར་ཚུད་པ་བྱུང་ལ། ལོ་ངོ་ཁྲི་སྟོང་མང་པོའི་རིང་རང་ཁྱིམ་རང་བདག་བྱེད་པའི་བསམ་འདུན་དེ་མངོན་འགྱུར་བྱུང་བ་རེད། དེ་དང་ཆབས་ཅིག་ཏུ། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱས་ཏེ་གདོད་མའི་ཀུང་ཧྲེའི་ལམ་ལུགས་དང་། བྲན་གཡོག་ལམ་ལུགས། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས། བཀས་བཀོད་རྒྱུད་འཛིན་གྱི་ཞིང་བདག་དཔལ་འབྱོར་སོགས་སྤྱི་ཚོགས་ཀྱི་ལམ་ལུགས་མང་པོའི་འོག་ཏུ་འཚོ་བའི་མི་རིགས་ཁག་མཉམ་དུ་ལག་གདང་སྦྲེལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ་རེད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་འཕོ་འགྱུར་རླབས་ཆེན་ཞིག་ཡིན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་འདི་ནས་འགོ་བརྩམས་པ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བའི་རང་བཞིན་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད། དེ་ཡང་ཡའོ་རིགས་ཀྱི་ལས་བྱེད་པ་ཞིག་གིས་དཔེ་མཚོན་གྱིས་བཤད་དོན། ཀྲུང་གོ་རྙིང་པའི་དུས་སུ་ང་ཚོར་ཡོའོ་རིགས་ཏུ་འབོད་ཅིང་། དེའི་དོན་ནི“སྲོག་ཆགས”ཡིན་པ་རེད། བཅིངས་འགྲོལ་ཐོབ་རྗེས་ང་ཚོ“མི”རུ་གྱུར་པ་རེད། མི་རིགས་དབྱེ་འབྱེད་བྱས་རྗེས་ང་ཚོ་ཡའོ་རིགས“ གཡང་ཊི”རུ་གྱུར་པ་རེད།  “དུད་འགྲོ” ནས“མི” རུ་གྱུར་ཅིང་། དེ་ནས“ རིན་པོ་ཆེ” རུ་གྱུར་པ་རེད། འདིས་སྤྱི་ཚོགས་གསར་རྙིང་གཉིས་ནང་གྲངས་ཉུང་མི་རིགས་ཀྱི་གོ་གནས་མི་འདྲ་བ་གསལ་པོར་མཚོན་པ་ཞིག་རེད།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་གསར་པའི་འགོ་བརྩམས་པས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བའི་འཕེལ་རྒྱས་དེ་དུས་རིམ་གསར་པར་སླེབས་པ་རེད། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ལས་དོན་གྱི་སློབ་སྟོན་བསམ་བློ་ཟིང་བཅོས་ཡོ་བསྲང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་རང་རྒྱལ་མི་རིགས་འབྲེལ་བའི་གཞི་རྩའི་ངོ་བོ་ཁ་གསལ་དང་། མི་རིགས་འབྲེལ་བའི་ཐད་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ནང་ཁུལ་གྱི་འགལ་བ་ཡིན་པ་བཅས་གསལ་སྟོན་གནང་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཁ་ཕྱོགས་ཀྱང་གསལ་སྟོན་གནང་ཡོད། རྨང་གཞི་འདིའི་ཐོག་ང་ཚོའི་ཏང་གིས་མི་རིགས་ལས་དོན་གྱི་ལྟེ་བ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ལམ་དུ་སྐྱོད་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ལ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་རྣམ་པ་བཟང་པོ་དེ་སྔར་བས་ཀྱང་སྲ་བརྟན་དུ་བཏང་ཡོད་དོ།།

ཏང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་བའི་དུས་རིམ་ལ་སླེབས་ཡོད་པ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བའི་གོང་འཕེལ་ཡང་དུས་རིམ་གསར་པར་སླེབས་པ་རེད། སུའུ་ལེན་ཁ་ཐོར་དུ་གྱུར་པ་དང་། ཡོ་རོབ་ཤར་མར་འགྱུར་བ་དྲག་པོ་དང་། འཛམ་གླིང་མི་རིགས་རིང་ལུགས་ཀྱི་རྦ་རླབས་དགུང་དུ་འཕྱུར་བའི་རྒྱབ་ལྗོངས་འོག་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་མི་རིགས་དང་ཆོས་ལུགས་གནད་དོན་བེད་སྤྱད་དེ་རང་རྒྱལ་ལ་ནུབ་ཕྱོགས་ཅན་དང་ཁ་ཐོར་ཅན་དུ་གཏོང་ཤུགས་ཇེ་ཆེར་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དེས་ཀྱང་རང་རྒྱལ་གྱི་མི་རིགས་འབྲེལ་བར་གནད་དོན་གསར་པ་མང་པོ་ཁྱེར་འོངས་པ་རེད། འགྲན་སློང་ཛ་དྲག་དང་བསྟུན་ནས་ང་ཚོའི་ཏང་གིས་དུས་རབས་ཀྱི་ཁྱད་ཆོས་དང་རྒྱལ་སྤྱི་རྒྱལ་ནང་གི་མི་རིགས་གནད་དོན་འཕེལ་རྒྱས་འགྱུར་ལྡོག་བཅས་གཏིང་ཟབ་ཆུད་པར་བྱས་ཏེ། མི་རིགས་རང་རྐང་གི་གོང་འཕེལ་དེ་མི་རིགས་གནད་དོན་གྱི་ངོ་བོར་ནང་འདྲེན་དང་། འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བའི་གནད་འགག་ཡིན་པར་བཏོན་ཞིང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དེ་གལ་ཆེའི་གོ་བབ་ཏུ་བཞག་ནས་མི་རིགས་མཐུན་སྒྲིལ་གྱི་དཔལ་འབྱོར་རྨང་གཞི་སྔར་བས་བརྟན་པོར་བཏང་ཡོད། ང་ཚོའི་ཏང་གིས“ རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་བྲལ་ཐབས་མེད་ལ། གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་འབྲལ་ཐབས་མེད” ཅེས་པའི་གལ་ཆེའི་དགོངས་དོན་དང་། ཚན་རིག་དང་མཐུན་པར་རང་རྒྱལ་གྱི་མི་རིགས་འབྲེལ་བའི་གོང་འཕེལ་གྱི་གནས་ཚུལ་ལ་ཕྱོགས་བསྡོམས་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་གཅིག་བསྡུས་ཀྱིས་མཚོན་པ་རེད། ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་བློ་སེམས་གཅིག་མཐུན་དང་བདེ་སྡུག་མཉམ་མྱོང་སྒོས་འགྲན་སློང་དང་ཉམས་སད་རབ་དང་རིམ་པ་ཞིག་ཐེག་ཡོད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དང་གོང་འཕེལ་བཏང་ཡོད་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་ཚུན། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་རླབས་ཆེན་ལམ་བུའི་ཐོག་རང་རྒྱལ་གྱི་མི་རིགས་འབྲེལ་བ་ཉིད་དུས་རབས་གསར་པ་དང་དུས་རིམ་གསར་པའི་འཕེལ་རྒྱས་གསར་པར་མངོན་འགྱུར་བྱུང་བ་རེད། ང་ཚོའི་ཏང་གིས་མི་རིགས་ཁག“ཐུན་མོང་དུ་མཐུན་སྒྲིལ་བརྩོན་དང་། ཐུན་མོང་དུ་དར་རྒྱས་གོང་འཕེལ” གཏོང་རྒྱུ་ནི་རང་རྒྱལ་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ཡིན་པ་གསལ་ཁ་བཏོན་ཏེ། རང་རྒྱལ་མི་རིགས་འབྲེལ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་། ང་ཚོའི་ཏང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གཞི་རྩའི་ཁྱད་ཆོས་དེ་འདྲ་མཉམ་དང་མཐུན་སྒྲིལ། རོགས་འདེགས། འཆམ་མཐུན་ཞེས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡོམས་བྱས་ཡོད་པ་དང་།  འདྲ་མཉམ་ནི་རྨང་གཞི་དང་། མཐུན་སྒྲིལ་ནི་གཙོ་དོན། རོགས་རེས་ནི་འགན་ལེན་ཡིན་པ་དང་། འཆམ་མཐུན་ནི་ངོ་བོ་ཡིན་པའི་གསལ་ཁ་བཏོན། འཆམ་མཐུན་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གཞི་རྩའི་ཁྱད་ཆོས་དང་ངོ་བོའི་ཁྱད་ཆོས་སུ་འཛིན་ཏེ། ང་ཚོའི་ཏང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གོང་འཕེལ་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་མཚོན་ཞིང་། དེ་ཉིད་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་ལས་དོན་གོང་འཕེལ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་འཚོ་བ་སྔར་ལས་ཡག་པོ་རོལ་ཐུབ་པའི་རེ་སྒུག་དང་བསྟུན་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ཞིག་གཏན་འབེབས་བཟོས་པ་དང་། སྤྱི་ཚོགས་ཡོངས་སུ་རྒྱ་ཁྱབ་ཏུ་སྤེལ་ནས་ཏང་གི་མི་རིགས་རིག་གཞུང་དང་། མི་རིགས་སྲིད་ཇུས། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཀྱི་གཞི་རྩའི་ཤེས་བྱ་བཅས་དྲིལ་བསྒྲགས་སློབ་གསོ་དང་། མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས། བྱེད་ཐབས་འདི་དག་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཤུགས་ཆེར་བཏང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་རྣམས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་ཐད་ལ་སྐུལ་འདེད་བཏང་ཡོད།

འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་པའི་གྲུབ་འབྲས་རླབས་ཆེན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་བརྟན་པོ་དང་འཕེལ་རྒྱས་གཏོང་བར་མི་རིགས་ཁག་གིས་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་ལ། ཚང་མས་འདིའི་ཆེད་དུ་ཐུན་མོང་ཐོག་འབད་བརྩོན་བྱ་དགོས། འདས་ཟིན་པར་ཕྱིར་མིག་བལྟས་ན། མི་རིགས56གིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་སྟེང་སྐྱིད་སྡུག་མཉམ་མྱོང་དང་དཔུང་གཤིབ་མདུན་སྐྱོད་བྱས་ཡོད་ལ། འབྱུང་འགྱུར་རྒྱང་ལྟ་བྱས་ཏེ་མི་རིགས་ཁག་གིས་ཏང་གི་འགོ་ཁྲིད་འོག་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་ན། ཀྲུང་གོའི་མི་རིགས་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལེ་ཚན་གསར་པ་ཞིག་བརྩམ་ཐུབ་པ་གོར་མ་ཆག

ལོ་ཙཱ་བ།རྟ་མགྲིན་དཔལ།