རྒྱ་ཆེའི་དྲ་དམངས་ཡོངས་ལ་སྤྲིངས་བའི་འཕྲིན་ཡིག་ཅིག

རྒྱ་ཆེའི་དྲ་དམངས་གྲོགས་པོ་ཚོ།

དེང་གི་དྲ་རྒྱའི་དུས་རབས་འདིས་མི་རྣམས་ཀྱི་འཚོ་བར་སྟབས་བདེ་གང་མང་སྐྲུན་པའི་དུས་མཚུངས་སུ་རལ་གྲི་སོ་གཉིས་མ་ཞིག་དང་འདྲ་བར་དྲ་རྒྱའི་འཆལ་གཏམ་དང་དྲ་རྒྱའི་གཏུམ་སྤྱོད། ཐ་ཤལ་ཆ་འཕྲིན་སོགས་ཀྱི་སྣང་ཚུལ་མི་ལེགས་པ་མང་པོ་ཞིག་གིས་དྲ་རྒྱའི་ཁོར་ཡུག་དང་དྲ་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏང་དང་གཏོང་བཞིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བའི་སྲོག་ཤིང་ལག་བསྟར་དང་དཔལ་ཡོན་སྲོལ་གསར་དར་སྤེལ། དྲ་རྒྱའི་ཁོར་ཡུག་གཙང་བཟོ་བཅས་བྱ་ཆེད། མཚོ་ལྷོ་མང་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཡོངས་ཀྱི་རྒྱ་ཆེའི་དྲ་དམངས་རྣམས་ལ་གྲོས་གཞི་འདི་དག་བཏོན་ཡོད།

གཅིག ཁྲིམས་ལྟར་དྲ་རྒྱར་ཞུགས་ནས་སྒྲིག་བཀུར་ཁྲིམས་སྲུང་གི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་པ།

རང་འགུལ་གྱི་སྒོ་ནས་《རྩ་ཁྲིམས》དང《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》《དྲ་སྦྲེལ་ཐད་གཏོང་ཞབས་ཞུའི་དོ་དམ་སྐོར་གྱི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དོ་དམ་སྐོར་གྱི་གཏན་འབེབས་ལ་བརྩི་སྲུང་བྱས་སྟེ་རང་རྟོག་སྒོས་དྲ་ཐོག་གི་བྱ་སྤྱོད་དག་ལ་འགན་འཁུར་དགོས། དྲ་ཐོག་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བ། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། མི་རིགས་མཐུན་སྒྲིལ་ལ་གནོད་པའི་ཆ་འཕྲིན་སོགས་ཁྱབ་བསྒྲགས་མི་བྱེད་པར་དྲ་རྒྱའི་བར་སྟོང་དུ་ཁྲིམས་སྐྱོང་གི་ཆུ་རགས་བརྟན་པོ་ཞིག་རྒྱག་དགོས།

གཉིས་པ། བདེ་འཇགས་ངང་དྲ་བར་ཞུགས་ནས་དྲ་རྒྱའི་བར་སྟོང་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་པ།

རང་འགུལ་ངང་དྲ་རྒྱའི་བདེ་འཇགས་སྐོར་གྱི་ཤེས་བྱ་ལ་སློབ་སྦྱོང་བྱས་ཏེ་དྲ་རྒྱའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པ་དང་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་བྱ་རྒྱུར་དོ་སྣང་། བདེ་འཇགས་མིན་པའི་དྲ་ཞུགས་གི་གོམས་སྲོལ་ལེགས་བཅོས་བྱེད་པ། དྲ་རྒྱའི་བདེ་འཇགས་ལ་དོ་དམ་བྱེད་པའི་ནུས་རྩལ་མཐོར་འདེགས་གཏོང་བ་བཅས་ཀྱིས་འཕྲིན་སྦྲེལ་དྲ་བའི་ཁྲིམས་འགལ་དང་ཆ་འཕྲིན་མི་ལེགས་པ་སྣ་ཚོགས་ལ་ལྟ་སྐུལ་དང་ཐེར་འདོན་ཧུར་ཐག་བྱས་ཏེ་དྲ་རྒྱའི་བར་སྟོང་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གསུམ། རང་གཅུན་སྒོས་དྲ་འཇུག་དང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་མཁན་ཞིག་བྱེད་པ།

དྲ་ཐོག་གི་བདེན་རྫུན་གསལ་འབྱེད་བྱེད་པའི་ནུས་པ་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་འཛིན་སྟངས་ཆེ་རུ་གཏོང་བ། ལེགས་ཉེས་བླང་དོར་གྱི་བློ་གྲོས་ལྡན་པའི་སྒོ་ནས་རྙོག་འཛིང་ཆེ་བའི་དྲ་སྦྲེལ་ཆ་འཕྲིན་ལ་རང་གི་ལྟ་སྟངས་ཡང་དག་འཛིན་པ། དྲ་ཐོག་གི་ལུགས་མཐུན་བསམ་ཚུལ་སྤེལ་རེས་དང་གྲོས་བསྡུར་ནང་ཞུགས་པ་བཅས་བྱས་ནས།བདེན་ཡོད་ཞུམ་མེད་ངང་འདུ་ཤེས་ཡང་དག་པ་དར་སྤེལ་དང་ནོར་འཁྲུལ་གྱི་གཏམ་བརྗོད་ལ་སུན་འབྱིན་བྱས་ཏེ་དྲ་རྒྱའི་བར་སྟོང་དུ་སྤྱོད་གཙང་དང་དྲོད་ཁོལ་ཀྱིས་ཁེངས་པར་བྱ་དགོས།

བཞི། སྐྱོན་བྲལ་ངང་དྲ་འཇུག་བྱས་ནས་“དྲང་ནུས་”ལྡན་པའི་སྒྲོག་འགྲེལ་བྱེད་མཁན་ཞིག་བྱེད་དགོས།

འདྲ་པར་དང་ཡི་གེ བརྙན་རིས་སོགས་བེད་སྤྱད་དེ་སྐད་འཕྲིན་དང་འདར་དབྱངས། མགྱོགས་འཕྲིན་སོགས་ཀྱི་དྲ་རྒྱའི་ལས་སྟེགས་སུ་མི་སེམས་འགུལ་བའི་བྱ་སྤྱོད་དང་ཉེ་འགྲམ་གྱི་མི་དང་ཉེ་འཁོར་གྱི་དོན་བཟང་དག་དྲིལ་བསྒྲགས་བྱས་ནས་ལེགས་མཛེས་བདེན་གསུམ་དང་དྲང་ཕྱོགས་ཀྱི་ནུས་པ་དར་སྤེལ་གཏོང་དགོས།

ལྔ། དཔལ་ཡོན་ལྡན་པའི་སྒོ་ནས་དྲ་འཇུག་བྱེད་པ་དང་།ཤེས་དཔལ་དང་དར་སྲོལ་གྱི་སྣེ་ཁྲིད་པ།

རང་རྟོགས་ངང་ཤེས་དཔལ་དང་ལྡན་པའི་སྒོ་ནས་དྲ་འཇུག་བྱེད་པའི་གོམས་གཤིས་བཟང་པོ་ལོབས་སུ་འཇུག་དགོས། ཡ་རབས་གུས་ལུགས་ལྡན་པའི་ཐ་སྙད་བཀོལ་སྤྱོད་བྱེད་པ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྒྲོག་པ། མ་རབས་ཐ་ཤལ་དང་ཆགས་སྲེད་ཀྱི་ཆ་འཕྲིན་མི་སྤེལ་བ། “ཤེས་དཔལ་གྱིས་དྲ་འཇུག་དང་རང་གཅུན་ཐུབ་པ་”བྱེད་དགོས།

རྒྱ་ཆེའི་དྲ་དམངས་གྲོགས་པོ་རྣམས་པ། དྲ་རྒྱ་ནི་བཅའ་ཁྲིམས་ཀྱི་ཁོངས་སུ་མ་གཏོགས་པའི་གནས་ཁྱད་པར་བ་ཞིག་མིན་པས། “དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དང་། དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས།” ང་ཚོས་དུས་ད་ལྟ་ནས་མི་རང་ཉིད་ནས་འགོ་བརྩམས་སྟེ་ཤེས་དཔལ་ལྡན་པའི་སྒོ་ནས་དྲ་འཇུག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ང་ཚོའི་ལག་གདང་དམ་དུ་སྦྲེལ་ནས་སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་བར་སྟོང་གཙང་མ་ཞིག་བསྐྲུན་ནས“ཀྲུང་གོའི་དྲ་དམངས་ཡག་པོ་”དང“ཀྲུང་གོའི་ཕུགས་འདུན”མངོན་འགྱུར་བྱས་སྟེ། ཐུན་མོང་ཐོག་ཧུར་བརྩོན་གྱིས་དཔལ་ཡོན་དང་སྐྱོན་བྲལ་ཡར་རྒྱས་བརྩོན་ལེན་བྱེད་པའི་དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།