མཚོ་ལྷོ་མང་རྫོང་གི་རྨོ་བསྐྱུར་ནགས་རྩྭའི་ལས་དོན་ལ་གོང་རིམ་གྱི་གདེང་འཇོག་ཆེན་པོ་ཐོབ་པ།

རང་རེའི་དྲ་བའི་འཕྲིན། 2019ལོར་མང་རྫོང་གི་རྨོ་བསྐྱུར་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་ལས་དོན་དེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། ཞིང་ཆེན་དང་ཁུལ་ཨུའི་གཙོ་གཉེར་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་སྒོས་འབད་བརྩོན་བྱས་པ་བརྒྱུད། ཁྱོན་བསྡོམས་རྒྱལ་ཁུངས་རྨོ་བསྐྱུར་ལྗང་བསྒྱུར་གྱི་ལས་འགན་མུའུ་ཁྲི48.68ལེགས་འགྲུབ་བྱུང་བ་དང་། དམིགས་ཚད་ལས་འགན་གྱི225%ལེགས་འགྲུབ་བྱས་པའི་ནང་འདེབས་འཛུགས་བྱས་པའི་ནགས་ཚལ་མུའུ་ཁྲི31.58དང་། རི་འགོག་ནགས་གསོ་མུའུ་ཁྲི12.6 ནགས་ཚལ་གསོ་སྐྱོང་མུའུ་ཁྲི4.5བཅས་ཟིན་ཡོད། ས་ནག་གྲམ་ཐང་བཅོས་སྐྱོང་ལས་གྲྭ་མུའུ་ཁྲི14ལག་བསྟར་བྱས་པ་དང་། རྩྭ་ཐང་གི་ཨ་བྲ་དང་གནོད་འབུའི་གནོད་འཚེ་འགོག་བཅོས་རྣམ་གྲངས་མུའུ་ཁྲི190 རྩྭ་ས་གསོ་སྐྱོང་མུའུ་ཁྲི10 རྩྭ་མཚམས་དབྱེ་ནས་ཕྱུགས་རིགས་འཚོ་སྐྱོང་རྩྭ་ར་མུའུ་ཁྲི10 རྩྭ་ཐང་མུའུ་ཁྲི10ལེགས་བཅོས། གཟན་རྩྭ་འདེབས་ཁུལ་མུའུ་ཁྲི1བཅས་སྐྲུན་པ་རེད།

ཞིང་ཆེན་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་སྒོའི་སྡེ་ཚན། དེ་བཞིན་ཕྱོགས་གསུམ་གྱི་དཔྱད་ཞིབ་དང་རྩིས་ལེན་ནན་མོ་བྱས་པ་བརྒྱུད། མང་རྫོང་གི་ནགས་རྩྭའི་ལས་དོན་ལ་ཚད་མཐོའི་གདེང་འཇོག་དང་ཁས་ལེན་གང་ལེགས་ཐོབ་པ་མ་ཟད། ཉེ་ཆར་འབྲེལ་ཡོད་བྱ་དགའ་ཐེངས4ལ་ཐོབ་ཡོད།

ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད། ཞིང་ཆེན་སྲིད་གཞུང་གིས་མང་རྫོང་སྲིད་གཞུང་ལ་སྔོན་ཐོན་ཚན་པའི་མཚན་སྙན་གནང་། དེ་མིན་གཙང་གསུམ་འབྱུང་ཡུལ་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་སྐབས་གཉིས་པའི་འདུ་འགོད་ཁྲོད་ཁུལ་ཡོངས་ཀྱི་ཨང་དང་པོའི་མཚན་སྙན་གནང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ལས་དོན་སྐུལ་འདེད་ཚོགས་འདུའི་སྟེང་མང་རྫོང་རང་བྱུང་ཐོན་ཁུངས་ཅུའུ་དེ་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པར་བདམས། རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཅུའུ་ཀྲང་གསོད་བྷེ་རྣམ་གཉིས་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་ལ་བདམས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།