ལོ་སར་སྐབས་སུ་རང་རེའི་གྲོང་ཁྱེར་གྱིས་ལུས་རྩལ་ཁང12རིན་མེད་སྒོས་སྒོ་འབྱེད་བྱེད་རྒྱུ་ཡིན་པ།

རང་རེའི་དྲ་བའི་འཕྲིན། 2020ལོའི་ལོ་སར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཛུགས་སྐྲུན་གྱི་རྩ་དོན་ཞེས་པ་ལག་བསྟར་གཏིང་ཟབ་དུ་སྤེལ་བ་དང་། རང་ཞིང་གི་དམངས་ཡོངས་ཀྱི་ལུས་པོའི་བདེ་ཐང་བྱ་འགུལ་དེ་གསོན་ཉམས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད། ཟི་ལིང་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱིས་དུས་ཆེན་སྐབས་ཀྱི་རིག་རྩལ་བྱེད་སྒོ་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ། བདེ་ཐང་ཤེས་རིག་གི་འཚོ་བའི་བྱེད་ཐབས་དར་སྤེལ་བཅས་ཀྱི་ཆེད་ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ་ཡིས་གྲོང་ཁྱེར་ཁོངས་གཏོགས་དང་སྤྱི་ཚོགས་ཀྱི་ཆ་ཤས་སུ་གྱུར་བའི་ལུས་རྩལ་ཐང་ཆེན་དེ། ལོ་སར་གྱི་སྐབས་སུ་དམངས་ཡོངས་ལ་རིན་མེད་སྒོ་འབྱེད་སྒོས་ང་ཚོའི་དུས་ཆེན་ལུས་རྩལ་ལ་བརྟེན་ནས་ལོ་སར་བ་ཞེས་པའི་བྱ་འགུལ་དེ་སྤེལ། སྐབས་འདིར་ད་རུང་ལུས་རྩལ་ཐང་ཆེན12དང་ལུས་རྩལ་ལུས་སྦྱོང་ལས་གཞི18རིན་མེད་སྒོས་གྲོང་ཁྱེར་གྱི་མི་དམངས་ལ་རིན་མེད་སྒོ་འབྱེད་བྱས་ཏེ། དགའ་བའི་སྤྲོ་སྐྱིད་གསར་སྐྲུན་དང་དགའ་སྤྲོ། འཆམ་མཐུན། བདེ་ཐང་བཅས་ཀྱི་དུས་ཆེན་གྱི་མཁའ་དབུགས་ལེགས་པོ་ཞིག་ཆགས་སུ་བཅུག་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། གྲོང་ཁྱེར་གྱི་དམངས་ཡོངས་ལ་རིན་མེད་སྒོས་སྒོ་འབྱེད་བྱས་པའི་ལུས་རྩལ་ཁང་དག་ནི། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཁང་བདག་དོམ་ཞབས་ཞུའི་ལྟེ་གནས་ཀྱིས་འགན་ཁུར་བའི་ལུས་རྩལ་ཁང་དང་ལུས་རྩལ་ཐང་ཆེན། དཀྱིལ་སྙིང་དྲ་འཕེན་ལྒང་ལིའི་ཐང་ཆེན། བྱ་སྒྲོ་སྤོ་ལོ་ཁང་། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་ནང་གི་ཁང་བའི་ཕྱི་རོལ་གྱི་གཟེབ་དྲའི་དབྱིབས་ཀྱི་རྐང་རྩེད་སྤོ་ལོའི་ཐང་ཆེན། ཁང་ཕྱིའི་དྲ་འཕེན་ལྒང་ལིའི་ཐང་ཆེན། མཚོ་སྔོན་ལུས་རྩལ་ལྟེ་གནས་ནང་གི་དབུགས་རྟེན་ཁང་། ཕང་ཕིང་སྤོ་ལོ་ཁང་། ཁང་ཕྱིའི་དྲ་འཕེན་ལྒང་ལི་ཁང་། རྐང་རྩེད་སྤོ་ལོའི་ཐང་ཆེན་དང་ཆུར་རྐྱལ་ཁང་། སྟོང་སྐོར་རྫོང་གི་ལུས་རྩལ་ཐང་ཆེན། རྟ་ཐང་དམངས་ཡོངས་ཀྱི་ལུས་སྦྱོངས་ལྟེ་གནས། ཙོང་ཁ་རྫོང་དམངས་ཡོངས་ཀྱི་ལུས་སྦྱོངས་ལྟེ་གནས། ཟི་ལིང་ལུས་རྩལ་སྤྱི་གླིང་ནང་གི་དྲ་འཕེན་ལྒང་ལིའི་ཐང་ཆེན། དྲ་ལྒང་ཐང་ཆེན། ལག་འཕེན་སྤོ་ལོའི་ཐང་ཆེན། མི་ལྔ་ཅན་གྱི་གཟེབ་དྲའི་རྐང་རྩེད་སྤོ་ལོའི་ཐང་ཆེན། ལྒང་ལིའི་ཐང་ཆེན། ལུས་སྦྱོང་ཁང་། སྟེགས་ཁྲིའི་སྤོ་ལོ་ཁང་། ཕང་ཕིང་སྤོ་ལོ་ཁང་། གྲོང་ཁྱེར་གྱི་དམངས་ཡོངས་ལྟེ་གནས་ཀྱི་ལུས་རྩལ་རིག་གནས་ཁང་གི་འཁྱགས་དེམ་དབྱིབས་ཀྱི་སྤོ་ལོ་ཁང་བཅས་ཡིན།

དེ་ལས་གཞན། ཧྭ་ཡེས་བྱ་སྒྲོའི་སྤོ་ལོ་ཁང་དང་ཀྲུང་ཧའེ་ཐའེ་ནོ་ཆུར་རྐྱལ་ལུས་སྦྱོངས་ལྟེ་གནས། ཟི་ལིང་གྲོང་ཁྱེར་གྱི་མཁར་ནུབ་ཁུལ་ཁོ་ཕུའུ་ལེ་ལུས་རྩལ་སྤྲོ་སྐྱིད་ཁང་། ཕུགས་འདུན་ལུས་སྦྱོང་བཅས་ཀྱིས་ལུས་རྩལ་ལུས་སྦྱོང་གི་ལས་གཞི་ཡང་རིན་མེད་མཁོ་སྤྲོད་བྱས་ཡོད། དེ་ཡང་ཟླ1ཚེས24ཉིན་ནས30ཉིན་བར་རང་ཞིང་གིས་ལུས་རྩལ་ཐང་ཆེན12གྱིས་སོ་སོའི་ཁྱད་ཆོས་གཞིར་བཟུང་སྟེ་དུས་ཚོད་གཏན་ཁེལ་བྱས་ཏེ་རིན་མེད་སྒོ་འབྱེད་བྱས་ཤིང་། ལུས་རྩལ་གྱི་ལུས་སྦྱོང་ལས་གཞི18རིན་མེད་སྒོ་འབྱེད་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།