【ཐོག་མའི་བསམ་འདུན་ལག་བསྟར། ཕྱོགས་ཡོངས་འབྱོར་འབྲིང་མངོན་འགྱུར】ཞིང་ཆེན་ཡོངས་ཀྱི་མ་བུ་བདེ་སྲུང་ཆུ་ཚད་ཧུར་ཐག་གིས་མཐོ་རུ་བཏང་བ།

རང་རེའི་དྲ་བའི་འཕྲིན་ལྟར་ན།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཀྲའོ་ཁྲེང་མའོ་ཡིས། “2020ལོར་སླེབས་སྐབས་ང་ཚོས་ཞིང་ཆེན་ཡོངས་ཀྱི་མ་བུ་བདེ་སྲུང་གི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ངས་ཚོགས་པའི་སྣེ་ཁྲིད་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བརྩོན་ལེན་བྱ་རྒྱུ་ཡིན”ཟེར།

ཀྲའོ་ཁྲེང་མའོ་ནི་མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་ཁང་གི་ཡོན་ཀྲང་རེད། ཁོང་གིས་བུད་མེད་དང་བྱིས་པའི་མི་འབོར་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་འབོར་གྱི་གསུམ་ཆའི་གཉིས་ཟིན་ཞིང་། བུད་མེད་དང་བྱིས་པའི་བདེ་ཐང་མེད་ན་དམངས་ཡོངས་ཀྱི་བདེ་ཐང་མེད། མཚོ་སྔོན་གྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་རྒྱུ་དེ་ཚོགས་སྤྱི་ཆེན་པོ་དེའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པ་དང་། བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་ཐོག་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཚོན་ལ། ཞིང་ཆེན་ཡོངས་ཀྱི་མ་བུ་བདེ་སྲུང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་རེད་ཅེས་བཤད་པ་རེད། 

2019ལོར་མཚོ་སྔོན་དུ་ཕྲུ་གུ་ཁྲི7.7ཙམ་སྐྱེས་པ་དང་ཕྲུ་གུ་དེ་དག་ནི་མཚོ་སྔོན་གྱི་འབྱུང་འགྱུར་རེད། ཀྲའོ་ཁྲེང་མའོ་ཡིས་སྤྱི་ཚོགས་ཡོངས་ཀྱིས་ཕྲུ་གུའི་བདེ་ཐང་གནད་དོན་ལ་མཐོང་ཆེན་དང་། སྲིད་གཞུང་གིས་ཕྲུ་གུའི་ལྷན་སྐྱེས་རང་བཞིན་དང་མི་རྒྱུདརང་བཞིན་གྱི་ནད་རིགས48བརྟག་དཔྱད་བྱ་རྒྱུ་དེ་དམངས་ཚིས་ལས་གཞིའི་ནང་བཅུག་ནས་རིན་མེད་ཞབས་ཞུ་མཁོ་འདོན་བྱས་ཏེ་ཕྲུ་གུའི་ནད་གཞི་སྔ་ཙམ་སྔོན་འགོག་དང་ཐེ་ཇུས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

སླད་ཕྱིན་གྱི་ལས་དོན་ཁྲོད།ཀྲའོ་ཁྲེང་མའོ་ཡིས་ཞིང་ཆེན་རིམ་པའི་མ་བུ་བདེ་སྲུང་སྒྲིག་གཞིས་གཙོ་ཁྲིད་བྱེད་པ་དང་གྲོང་ཁྱེར(ཁུལ)དང་། རྫོང་། གྲོང་ཚོ་བཅས་ཚན་པར་བྱས་པའི་རིམ་གསུམ་མ་བུ་བདེ་སྲུང་དྲ་བ་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་དང་། གཉེན་སྒྲིག་མ་བྱས་གོང་གི་ཞིབ་བཤེར། ཕྲུ་གུ་མ་སྐྱེས་གོང་ལེགས་བཙའ། ཕྲུ་གུ་སྐྱེ་དུས་ཀྱི་བདེ་འཇགས། ཕྲུ་གུ་སྐྱེ་དུས་ཀྱི་འཚོ་བཅུད། བྱིས་པའི་འཕྲོད་བསྟེན། བྱིས་པའི་འཚོ་བཅུད། མ་བུའི་བདེ་ཐང་ལག་དེབ། འཆར་ལྡན་བུ་བཙའ། “སྐྲན་གཉིས”དང་ཕྲུ་གུའི་ནད་ཡམས་གྲལ་བཤེར་སོགས་ཚེ་སྲོག་གི་དུས་འཁོར་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་དང་། སྨན་བཅོས། བཅར་འདྲི་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཆེན་ཡོངས་ཀྱི་མ་བུ་བདེ་སྲུང་ཕྱོགས་བསྡུས་ཆ་འཕྲིན་མཉམ་སྤྱོད་དོ་དམ་གྱི་ལས་སྟེགས་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་མ་བུ་བདེ་སྲུང་སྨན་བཅོས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏང་རྒྱུ་ཡིན་ཞེས་བཤད།

ལོ་ཙཱ་བ། ཀླུ་མོ།