“མཚོ་སྔོན་འཚེམ་དྲུབ”ཅེས་པའི་ཞིབ་འཇུག་གསོ་སྦྱོང་གྲུབ་འབྲས་འགྲེམ་སྟོན་ཟི་ལིང་དུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས16ཉིན། 2019ལོའི“མཚོ་སྔོན་འཚེམ་དྲུབ”ཅེས་པའི་ཞིབ་འཇུག་གསོ་སྦྱོང་གི་གྲུབ་འབྲས་འགྲེམ་སྟོན་ཞིང་ཆེན་རིག་གནས་ཁང་དུ་འགོ་ཚུགས་པ་རེད།

ཐེངས་འདིའི་འགྲེམ་སྟོན་དེ་ཚེས16ཉིན་ནས་ཚེས18ཉིན་བར་ཡིན་པ་དང་། གཙོ་བོ་ཧྲང་ཧའེ་སློབ་ཆེན་ཧྲང་ཧའེ་མཛེས་རྩལ་སློབ་གླིང་དང་། སུའུ་ཀྲོའུ་བཟོ་རྩལ་མཛེས་རྩལ་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི2019ལོའི་གཞོན་ནུའི་འཚེམ་དྲུབ་ཞིབ་འཇུག་གསོ་སྦྱོང་བརྩམས་ཆོས་འགྲེམ་སྟོན་བྱས་པ་དང་། “མཚོ་སྔོན་གྱི་འཚེམ་དྲུབ”གཙོ་བོར་བྱས་པ། འགུལ་མེད་འགྲེམ་སྟོན་དང་། འགུལ་རྣམ་འགྲེམ་སྟོན། རྣམ་པ་གསོན་པོ་འགྲེམ་སྟོན་བཅས་བྱས་པ་བརྒྱུད། “མཚོ་སྔོན་གྱི་འཚེམ་དྲུབ”དང་། རྫ་ཆས། དངུལ་ཟངས་སོགས་ཞིབ་འཇུག་གསོ་སྦྱོང་བརྩམས་ཆོས་བསྡོམས་པའི500ལྷག་འགྲེམ་སྟོན་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ལས་གཞིར་བརྟེན་ནས་སྲུང་སྐྱོང་བྱས་ཤིང་། “རྒྱུན་འཛིན་མི་ཚོགས་ཀྱི་ཞིབ་འཇུག་གསོ་སྦྱོང་འཆར་གཞི”དང“སྲོལ་རྒྱུན་བཟོ་རྩལ་དར་རྒྱས་འཆར་གཞི”སོགས་སྲུང་སྐྱོང་བྱ་ཐབས་ཏན་ཏིག་དང་ནུས་ལྡན་རབ་དང་རིམ་པ་བརྒྱུད་དེ། “མཚོ་སྔོན་གྱི་འཚེམ་དྲུབ”སྒྱུ་རྩལ་སྔར་བས་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་ཡོད། “གཞོན་ནུའི་འཚེམ་དྲུབ”ཀྱི་གསོན་ཤུགས་དང་རྒྱུན་འཛིན་ལག་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། རྒྱ་ཆེའི་འཚེམ་དྲུབ་བུད་མེད་ཚོའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ནུས་ལྡན་ཕྱིན་པ། “གཞོན་ནུའི་འཚེམ་དྲུབ”དང་། “མི་དང་། དངོས་པོ། འཚོ་བ། གསར་གཏོད་རང་བཞིན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། གནད་འཁེལ་དབུལ་སྐྱོར་དང་། གྲོང་གསེབ་དར་རྒྱས། “སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་བྱེད་པ། མང་ཚོགས་དབུལ་པོའི་ཁྱིམ་སྡོད་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པ། འབབ་འཕར་ཕྱུག་འགྱུར་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད།

2020ལོར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏང་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པ། བསམ་ཕྱོགས་ཁ་གསལ་བཟོ་བ། བྱ་ཐབས་འཐུས་ཚང་དུ་གཏང་བ། རྒྱུན་མཐུད་གསར་གཏོད་བྱེད་པ། “མཚོ་སྔོན་གྱི་འཚེམ་དྲུབ”ཚོང་རའི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ། ཞིབ་འཇུག་གསར་སྤེལ་གྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱེད་པ། “མཚོ་སྔོན་གྱི་འཚེམ་དྲུབ”ཐོན་ལས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས། “མཚོ་སྔོན་གྱི་འཚེམ་དྲུབ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བ་བཅས་བྱ་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།