སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་སྒྲིག་ཁྲིམས་ལག་བསྟར་བྱས་ཏེ་གཞུང་ལམ་མི་ཁེགས་པར་འགན་ལེན་བྱས་པ། 

རང་རེའི་དྲ་བའི་འཕྲིན་ལྟར་ན། ལོ་སར་ལ་སླེབས་ལ་ཉེ་བའི་སྐབས་འདིར།རྒྱ་ཆེའི་འགྲུལ་བཞུད་པའི་སྟབས་བདེ་དང་ཟོག་སྐྱེལ་གཞུང་ལམ་བདེ་འཇགས་ལ་འགན་སྲུང་བྱ་ཆེད།མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་མཉམ་འབྲེལ་ཐོག་ཆུས་སྐྱེལ་འདྲེན་དོ་དམ་དང་། གྲོང་ཁྱེར་དོ་དམ། བདེ་འཇགས་ཞིབ་བཤེར། འཕྲལ་སྡོམ་དོ་དམ་བཅས་སྡེ་ཚན་གྱིས་ཁོངས་གཏོགས་ཀྱི་ལོ་སར་སྐྱེལ་འདྲེན་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་ལས་འགུལ་སྤེལ། ད་ཐེངས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་ནང་འགྲོ་འོང་བྱེད་མཁན་འགྲུལ་སྐྱེལ་རླངས་འཁོར་དང་ཁྲིམས་འགལ་ངང་འགྲུལ་སྐྱེལ་རླངས་འཁོར90ལྷག་ཙམ་ལ་ཞིབ་བཤེར་བྱས་ཤིང་།ཁྲིམས་འགལ་བྱེད་སྤྱོད་54ཞིབ་བཤེར་ཐག་གཅོད་དང་། ཁ་ལོ་བ26ལ་ཐ་ཚིག་བསྒྲགས་པ་བཅས་རེད། 

ཞིབ་བཤེར་བྱེད་རིང་། ཁྲིམས་འཛིན་མི་སྣ་མཉམ་འབྲེལ་ཐོག་ཁོངས་གཏོགས་ཁུལ་གྱི་ལམ་དུམ་གལ་ཆེན་ཁག་གི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་ཁ་ཏ་སློབ་སྟོན་དང་ཡོ་བསྲང་བྱས་ཏེ་མྱུར་ཚད་ལས་བརྒལ་བ་དང་། མི་སྣ་ལས་བརྒལ་བ། ཤོང་ཚད་ལས་བརྒལ་བ། སྦག་སྦག་ལ་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། གློག་སྒུལ་འཁོར་གསུམ་རྐང་འཁོར་ཁྲིམས་འགལ་ངང་མི་སྡོད་པ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་པ་རེད། དེ་དང་ཆབས་ཅིག འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་། སློབ་གྲྭའི་རླངས་འཁོར། ཉེན་ཆེའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་གྱི་འཁོར་ལོ་དང་། ཁ་ཕྱོགས། མེ་གསོད་ཡོ་བྱད། བདེ་འཇགས་ཐོ་བ་སོགས་བདེ་འཇགས་སྒྲིག་བཀོད་སྒྲིག་སྦྱོར་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་ཞིབ་བཤེར་བྱས་པ་རེད། ཚོང་ཁང་དང་ཁྱིམ་ཚང་གི་སྒོ་འགྲམ་དུ་རླངས་འཁོར་ཆུང་གྲས་དང་འཕྲུལ་རྟ་གང་བྱུང་དུ་འཇོག་པ་དང་གང་བྱུང་དུ་འགྲོ་ལམ་བཟུང་བའི་ཟང་ཟིང་གི་སྣང་ཚུལ་ལ་དམིགས་ཏེ་ཡུལ་དངོས་ནས་གཙང་བཤེར་བཅོས་སྒྲིག་བྱས་པ་རེད། 

ལོ་ཙཱ་བ། ཀླུ་མོ།