ཝང་ཅན་ཅུན་གྱིས་འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོའི་གྲོང་མི་ཡོངས་ལ་འཚམས་འདྲི་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། དེ་སྔོན་ཆེད་དུ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོར་སོང་སྟེ། གཙང་གསུམ་འབྱུང་ཡུལ་གྱི་གནས་སྤོས་མང་ཚོགས་ལ་འཚམས་འདྲི་བྱས་ཤིང་། ཚང་མར“ཁྱེད་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་སྔར་བཞིན་རིང་པོ་ཡོད་པའི”སྨོན་འདུན་ཞུས་པ་རེད། ལོ་གསུམ་ལྷག་ཙམ་རིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོར་ཐེངས་མང་ཡོང་ནས་གྲོང་མི་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བསྐྱར་དྲན་བྱས་ཏེ། “མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་སྲུང་སྐྱོང་། གསར་བརྗེའི་ས་བོན་རྒྱུན་འཛིན། གྲོང་གསེབ་དར་རྒྱས”བཅས་ཀྱི་འཕེལ་རྒྱས་སྤུས་རྟགས་བཏོད་ཡོད།

ལུགས་རྙིང་ལོ་སར་གྱི་སྔོན་ལ། ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་མོ་བཅངས་ནས་སླར་ཡང་འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོར་ཕེབས་པ་རེད། ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་དང་། གྲལ་སྟར་སྒྲིག་པའི་ཉི་ནུས་ལམ་སྒྲོན་དང་། གཙང་ཞིང་གྲལ་འགྲིག་པའི་གྲོང་མིའི་བྱེད་སྒོའི་ཐང་ཆེན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་མིའི་སྡོད་ཁང་སྟར་སྒྲིག་བཅས་གང་སར་མཐོང་རྒྱུ་ཡོད་པའི“གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང”བཅས་ཀྱི་དྲིན་ཚོར་སྦྱར་ཡིག་རེད། ཁྱིམ་ཚང་ཚང་མའི་སྒོའི་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་གྱིས་མི་རྣམས་ལ་འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོར་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པ་དང་། འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོའི་གྲོང་མི་ཡོངས་ཀྱིས་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།

ཝང་ཅན་ཅུན་གྱིས་འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ་དང་། རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གྲོང་ཚོ། ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་ཚོ་བཅས་བསྐྲུན་ཟིན་པ་དང་། ཞིང་ཆེན་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་སུ་བདམས་པས“གཞི་རྩ་གསུམ”འཛུགས་སྐྲུན་གྱི་སྔོན་ཐོན་མཉམ་སྡེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པར་རྒྱུས་ལོན་བྱུང་རྗེས། ཁོང་གིས་དགའ་ཚོར་ཆེན་པོའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོར་ཐུགས་ཁྲལ་གནང་བ་དང་ཚང་མའི་ཐོན་སྐྱེད་དང་། འཚོ་བ། བྱ་བ། སློབ་སྦྱོང་བཅས་ལ་ཐུགས་ཁུར་གནང་གི་ཡོད། ང་ད་ཐེངས་ཡོང་དོན་ནི་གྲོང་མི་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་སེམས་ཟབ་མོའི་འཚམས་འདྲི་བརྒྱུད་ཞུ་བྱ་རྒྱུ་དེ་ཡིན། ད་ལོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་གཞིར་བཟུང་སྟེ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་པ། མཐུན་སྒྲིལ་གཅིག་སྒྲིལ། ཐུན་མོང་འབད་འཐབ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འབྲི་ཆུའི་འབྱུང་ཡུལ་གྲོང་ཚོར་འཛུགས་སྐྲུན་བྱ་དགོས་ཞེས་བསྟན་པ་རེད།

ནོར་བུ་ཚེ་རིང་གི་ཁྱིམ་དུ་ཝང་ཅན་ཅུན་གྱིས་གྲོང་མི་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོར་གཟིགས་ཞིབ་གནང་བའི་བདེ་སྐྱིད་ལྡན་པའི་དུས་སྐབས་བསྐྱར་དྲན་བྱས་པས་ཚང་མ་སེམས་འགུལ་ཚད་མེད་ཐེབས། ནོར་བུ་ཚེ་རིང་གི་ཨ་མ་གཡུ་སྒྲོན་ནི་ཏང་ལོ35ཡོད་པའི་ལོ78ལ་སླེབས་པའི་རྒན་རྒོན་ཞིག་རེད། ཁོང་མོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཉིན་དེར་ང་ཡུལ་དངོས་ནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཛུམ་མདངས་དང་མི་སེམས་འགུལ་བའི་སྐད་ཆ་དེ་ད་ལྟའང་ངའི་སེམས་ནང་བཅངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ང་ཚོའི་གཉེན་ཉེ་ཡིན་པས་ང་ཚོས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་འཚོ་བ་ཡག་པོ་སྐྱེལ་དགོས་ཟེར། ཚང་མའི་སེམས་འགུལ་ཐེབས་བཞིན་དུ་ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུའི་འབྱུང་ཡུལ་གྱི་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ། དེ་ནི་འབྲི་ཆུའི་འབྱུང་ཡུལ་གྲོང་ཚོའི་གྲོང་མི་ཡོངས་ཚུད་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྟོག་ཞིབ་གནང་རྗེས་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་ནས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་དང་། ནམ་ཡང་གུང་ཁྲན་ཏང་གི་དྲིན་ཚོར། ནམ་ཡང་གུང་ཁྲན་ཏང་གི་བཀའ་ལ་ཉན་པ། ནམ་ཡང་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་དགོས་ཟེར།

ལོ་ཙཱ་བ། གཡང་སྐྱིད།