ཝང་ཀྲིན་ཧྲིན་གྱིས“ལོ་སར་སྐབས་ཀྱི་སྐྱེལ་འདྲེན”དང“ཚོགས་ཆེན་གཉིས”ཀྱི་བདེ་སྲུང་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས13ཉིན། ཧྲིན་ཀྲང་གཞོན་པ་ཝང་ཀྲིན་ཧྲིན་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་དང་། ཞིང་ཆེན་ཚོགས་འདུའི་ལྟེ་གནས། ཧའེ་ཧུའུ་ཁུལ་གསར་བཅས་སུ་ཕེབས་ནས“ལོ་སར་སྐབས་ཀྱི་སྐྱེལ་འདྲེན”དང“ཚོགས་ཆེན་་གཉིས”ཀྱི་བདེ་སྲུང་བྱ་བར་རྟོག་ཞིབ་བྱས་པ་རེད།

ཝང་ཀྲིན་ཧྲིན་གྱིས་ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་སུ་འགྲུལ་སྐྱེལ་བྱེད་ཚད་དང་། བདེ་འཇགས་ཞིབ་བཤེར་སྒྲིག་ཆས་བེད་སྤྱོད། འགྲུལ་སྐྱེལ་རླངས་འཁོར་གྱི་བདེ་འཇགས་བྱ་ཐབས་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས་སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བརྟན་པོར་བཙུགས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས“ལོ་སར་སྐབས་ཀྱི་སྐྱེལ་འདྲེན ”གྱི་བདེ་འཇགས་སྲུང་སྐྱོང་བྱ་བ་ཁག་ལ་དམ་འཛིན་ནན་ཏན་བྱས་ཏེ། དུས་བདེའི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་དང་། གོ་རིམ་ལྡན་པའི་ལུགས་རྙིང་ལོ་སར་སྐྱེལ་འདྲེན། དྲོ་སྐྱིད་ལྡན་པའི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བཅས་ཀྱི་དམིགས་ཚད་མངོན་འགྱུར་དང་།། ཞིང་ཆེན་ཚོགས་འདུ་ལྟེ་གནས་སུ“ཚོགས་ཆེན་གཉིས”ཀྱི་རིང་གི་བདེ་སྲུང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་རང་འགན་གཙང་སྒྲུབ་དང་མཉམ་ལས་མཉམ་འགུལ་གྱིས་ཞིབ་ཚགས་དང་། སྤུས་ལེགས། རྩེར་སོན་བཅས་ཀྱི་བདེ་སྲུང་བྱ་བའི་ཚད་གཞིར་གཞི་བཟུང་སྟེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱེད་པ་དང་། མ་མཐའི་མཚམས་ཐིག་གི་བསམ་བློ་འཛུགས་པ། ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཞིང་ཆེན་གྱི“ཚོགས་ཆེན་གཉིས”ཀྱི་བདེ་འཇགས་བདེ་བླག་ངང་སྤེལ་རྒྱུའི་འགན་སྲུང་བྱ་དགོས་པ་དང་། ཧའེ་ཧུའུ་གསར་ཁུལ་དུ་འཕྲུལ་ཤེས་ཉེན་རྟོག་ལས་ཁང་གི་འཁོར་སྐྱོད་དོ་དམ་དང་། མང་ཚོགས་ཀྱི་རྒྱུན་གཏན་བེད་སྤྱོད། དེ་བཞིན་ཚུར་ལན་བཅས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་དགོས་མཁོར་དམིགས་པ། འཕྲུལ་ཤེས་ཉེན་རྟོག་ལས་ཁང་གི་བཀོལ་སྤྱོད་དང་ཐོན་ཁུངས་བསྡུ་སྒྲིལ་ལ་སྐུལ་འདེད། ཉེན་དོན་ཞབས་ཞུའི་ཞབས་ཞུ་དེ་མང་ཚོགས་ཀྱི་དགོས་མཁོའི་མདུན་གྲལ་དུ་འཇོག་པ་བཅས་བྱས་ནས་ཉེན་རྟོག་བྱ་བའི་ཕན་ནུས་མུ་མཐུད་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏང་དགོས་ཞེས་བསྟན་པ་རེད།

ལོ་ཙཱ་བ། གཡང་སྐྱིད།