ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་བྱ་བ་ཚགས་སུ་ཆུད་པ།

རང་རེའི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས13ཉིན། གསར་འགོད་པས2020ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ཁྱབ་སྤེལ་ཚོགས་ཐོག་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་ཟླ་དང་པོའི་ཚེས15ནས19ཉིན་བར་ཟི་ལིང་དུ་འཚོག་རྒྱུ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་དང་པོའི་ཚེས14ཉིན་ནས་ཚེས18ཉིན་བར་ཟི་ལིང་དུ་འཚོག་རྒྱུ་ཡིན་ཞིང་། ད་ཆར་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་པ་རེད། 

ད་ལོ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་བཅས་ཡིན་པས། ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་དེ་བས་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པས། ཆབ་སྲིད་རང་བཞིན་དང་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཚད་ཧ་ཅང་ཆེན་པོ་ལྡན་ཡོད། 

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཚོགས་ཆེན་གཉིས་ཡག་པོར་འཚོག་ཆེད། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཚོགས་ཆེན་གྲ་སྒྲིག་ལས་དོན་ཚོགས་ཆུང་བཙུགས་ཤིང་། དཔྱད་ཡིག་དང་། དྲིལ་སྒྲོག ཡིག་སྒྱུར་སོགས་ཚོགས་ཆུང་བཙུགས་ཡོད། ཚོགས་ཆུང་ཁག་གིས་ལས་ཀའི་འགན་འཁྲི་དང་ལས་ཀའི་ཇུས་གཞི་ནན་ཏན་ངང་བཟོས་ནས་ཞིབ་ཚགས་དང་ནུས་ལྡན་གྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ད་ཆར། ཚོགས་འདུ་གཉིས་ཀྱི་སྙན་ཞུ་ཁག་དང་འབྲེལ་ཡོད་ཡིག་ཆའི་དཔྱད་གཞི་རྩ་བའི་ཆ་ནས་པར་སྐྲུན་བྱས་ཟིན་པ་དང་། འཐུས་མི་དང་ཨུ་ཡོན་གྱི་མིང་ཐོ་དང་མིང་རིམ་སོགས་གྲ་སྒྲིག་ཟིན་ཡོད། ཚོགས་འདུ་མ་འཚོགས་གོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་བརྟག་ཞིབ་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་རྒྱ་ཁྱབ་ངང་ཤེས་རྟོགས་བྱས་ཏེ། ཚོགས་འདུ་འཚོགས་རིང་སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་གཞི་འདོན་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཤིང་། ཚོགས་འདུ་གཉིས་ཀྱི་ལས་དོན་ཚོགས་ཆུང་ཚང་མ“ཚོགས་འདུའི་དུས་ཚོད”སུ་སླེབས་ནས་ཚོགས་འདུ་བདེ་བླག་ངང་འཚོག་རྒྱུར་ཞབས་ཞུའི་འགན་ལེན་ནུས་ལྡན་བྱས་ཡོད། 

ཟླ་དང་པོའི་ཚེས13ཉིན། གསར་འགོད་པས་འཐུས་མི་དང་ཨུ་ཡོན་གྱི་ཚགས་པར་ཐོག་གང་སར་མཐོང་བ་དང་འབྱོར་ཐོ་འགོད་པའི་བྱ་བ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་འཐུས་མི་དང་ཨུ་ཡོན་ལ་དཔྱད་གཞི་དང་། ལག་ཁྱེར། བྱང་བུ་བཅས་གོ་རིམ་ལྡན་པའི་ངང་སྤྲོད་བཞིན་ཡོད་པ་དང་། ཚོགས་འདུ་ཁག་གི་སྣེ་ལེན་ཁང་གིས་བདེ་འཇགས་སྲུང་སྐྱོང་དང་། བཟའ་བཏུང་། ཚོགས་འདུ་འགན་ལེན་བཅས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་གྱིན་པ་མཐོང་།

ལོ་ཙཱ་བ། ཀླུ་མོ།