དྲ་གྲགས་རྟ་མགྲིན་དང་མཚོ་སྔོན་བདེ་མཚོ་སོགས་ལ་སློབ་གསོའི་ཁྲིད་སྟོན་གྱི་ཁ་བརྡ་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། དག་གཙང་གི་དྲ་རྒྱའི་ཁོར་ཡུག་ཐུན་མོང་ཐོག་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་གྱི་ལས་འགན་ནན་གྱིས་བསྒྲུབ་ཆེད། ཟླ1ཚེས8ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྤྱི་བདེ་ཅུའུ་ཡིས་ཁུལ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཁུལ་དྲིལ་སྒྲོག་པུའུ། རྫོང་དྲིལ་སྒྲོག་པུའུ། རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་སོགས་ལ་མཉམ་འབྲེལ་སྒོས། ཁུལ་ཡོངས་ཀྱི་མགྱོགས་འཕྲིནappཐད་གཏོང་ཁྲོད་ཤུགས་རྐྱེན་ཅུང་ཆེ་བར་མ་ཟད་འཆལ་གཏམ་སྒྲོག་མཁན་གྱི་དྲ་གྲགས་ཚོར་སློབ་གསོའི་ཁྲིད་སྟོན་གྱི་ཁ་བརྡ་བྱས་པ་རེད།

འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣས“རྟ་མགྲིན”དང“ཧུའུ་ཙི་ཀོ”“མཚོ་སྔོན་བདེ་མཚོ”སོགས་དགའ་མོས་ཐོབ་མཁན་མང་བའི་དྲ་གྲགས་དག་གིས་སྒྲིག་འགལ་ངང་འཆལ་གཏམ་སོགས་ཀྱི་བརྙན་ཐུང་སྒྲིག་བཟོ་དང་ཁྱབ་སྤེལ་བྱས་པར་སློབ་གསོའི་ཁྲིད་སྟོན་བྱས་ཤིང་། 《མཉམ་འབྲེལ་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས 》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》《མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབས 》《མཉམ་འབྲེལ་དྲ་རྒྱའི་ཐད་གཏོང་ཞབས་ཞུའི་དོ་དམ་གཏན་འབེབས 》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་དོ་དམ་གཏན་འབེབས་བཅས་ལ་གཟབ་ནན་སྒོས་སློབ་སྦྱོང་བྱ་དགོས་པའི་བླང་བྱ་བཏོན་པ་དང་། དྲ་རྒྱའི་ཐད་གཏོང་ཁྲོད་ཁྲིམས་ལུགས་དང་ཀུན་སྤྱོད་ཀྱི་ཚད་ཐིག་ལ་བརྩི་སྲུང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིན་ཐང་ལྟ་བ་དར་སྤེལ་བྱེད་པའི་དྲ་རྒྱའི་རིག་གནས་སྤེལ་དགོས་པའི་རེ་བ་བཏོན་པ་རེད།

རྫོང་དཔོན་གཞོན་པ་དང་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་སི་ཁྲེང་ཁུའེ་ཡིས་བསྟན་དོན། ཐད་གཏོང་མཁན་རྣམས་ཀྱིས་རྗེས་ཕྱོགས་ཐད་གཏོང་བྱེད་དུས་ངེས་པར་དུ་ཁྲིམས་ལུགས་ལ་བརྩི་སྲུང་དང་། རྒྱལ་ཁབ་དང་སྤྱི་བའི་ཁེ་ཕན་སྲུང་སྐྱོབ་བྱས་ནས་ཡང་དག་པའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེ་བའི་དྲ་དམངས་ཡོངས་ལ་དག་གཙང་གི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་དང་། གལ་ཏེ་ཐད་གཏོང་གི་སྐབས་སུ་ཁྲིམས་འགལ་གྱི་གནས་ཚུལ་བྱུང་ཚེ་ཁྲིམས་ལྟར་ལག་བསྟར་བྱེད་རྒྱུ་ཡིན་པར་མ་ཟད། གནས་ཚུལ་ཚབས་ཆེན་ཡིན་ན་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏང་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས། སྤྱི་བདེ་ཅུའུ་ཡིས་ཐེངས་འདིའི་སློབ་གསོ་གཏོང་ཡུལ་གྱི་དྲ་དཔོན་དག་ལ་ཡིག་ཚགས་ཐོ་འགོད་བྱས་ཏེ་མཉམ་འབྲེལ་དྲ་རྒྱའི་ཐད་གཏོང་ཞབས་ཞུའི་འགན་འཁྲི་ཡི་གེ་སྟེང་མིང་རྟགས་བཀོད་དུ་བཅུག་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།