མཚོ་སྔོན་མི་རིགས་སློབ་ཆེན་ལ་སློབ་གསོ་པུའི་མཚན་ཉིད་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གནད་ཆེའི་འགག་སྒྲོལ་ལས་གཞིའི་ཆོག་མཆན་ཐོབ་པ།

རང་རེའི་དྲ་བའི་འཕྲིན། ཉེ་ལམ་སློབ་གསོ་པུའུ་སྤྱི་ཚོགས་ཚན་རྩལ་སི་ཡིས2019ལོའི་སློབ་གསོ་པུའུ་ཡི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་བརྗོད་དོན་གཙོ་བོའི་མཁྲེགས་གཏོར་ལས་གཞིའི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། རྒྱལ་ཡོངས་སུ་ཆོག་མཆན་ཐོབ་པའི་ལས་གཞི་མི་འདྲ་བ49ཡོད་ལ། དེ་ལས་མི་རིགས་མཐོ་རིམ་སློབ་ཆེན3གྱི་མིང་ཐོའི་ཁྲོད་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་མེས་ཧྭ་གཙོ་བོ་ཡིན་པའི་ཆེད་མཁས་མི་སྣའི་རེ་འདུན་སྙན་ཞུ། མིང་ཆིང་སོག་པོའི་ལོ་རྒྱུས་རྩོམ་རིག་ཡིག་ཆ་དག་སྒྲིག་དང་ཞིབ་འཇུག་ཞེས་པ་དེ་ལས་གཞིའི་ཁྲོད་ཚུད་པའི་ཆོག་མཆན་ཐོབ།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཐོབ་པའི་སློབ་གསོ་པུའུ་ཡི་ཆེས་ཐོག་མའི་ལས་གཞི་གལ་ཆེན་ཞིག་རེད་ལ། རང་ཞིང་ལ་ཐོབ་པའི་སློབ་གསོ་པུའུ་ཡི་ལས་གཞི་གལ་ཆེན་གཅིག་པུ་ཡང་ཡིན། དེའི་མི་ཚད་སློབ་གྲྭ་གང་དེའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཚན་རིག་ཞིབ་འཇུག་དང་ཐོད་བརྒལ་གཉིས་མངོན་འགྱུར་བྱེད་པའི་སྲོག་ཤིང་འགན་འཁྲིའི་དམིགས་ཚད་གཙོ་བོའི་ཐད་ཐོལ་བརྒལ་ངེས་ཅན་ཞིག་བྱུང་ཡོད།

སློབ་གསོ་པུའུ་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རྩལ་ཞིབ་འཇུག་གི་ལས་གཞི་གལ་ཆེན་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རྩལ་ཐེབས་རྩའི་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན་པས། ཚང་མ་རང་རྒྱལ་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་མཐོ་རིམ་ལས་རིགས་ཀྱི་ཚན་རྩལ་ཞིབ་འཇུག་རྣམ་གྲངས་ཤིག་ཀྱང་རེད། དེ་ཡང་དཔེར་མཚོན་དང་སྣེ་ཁྲིད་ཀྱི་བྱེད་ནུས་གལ་ཆེན་ལྡན། སློབ་གསོ་པུའུ་ཡི་ལས་གཞི་གལ་ཆེན་དག་ནི་སྔར་བཞིན་ད་ལྟའི་དུས་རིམ་གང་དེའི་རང་རྒྱལ་གྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ལས་ཚད་གཞི་མཐོ་ཞིང་ཟིལ་ཤུགས་རང་བཞིན་དྲག་པོ་ལྡན་པ། རོགས་སྒྲུབ་ནུས་པ་ཆེན་པོ་ལྡན་པའི་སྡེ་ཁག་རིམ་པའི་སྲིད་གཞུང་གི་ཐེབས་རྩའི་རོགས་སྒྲུབ་ལས་གཞི་ཞིག་ཀྱང་ཡིན་པས། ཆ་སྙོམས་རོགས་སྒྲུབ་ཚད་གཞི་ནི་སྒོར་ཁྲི50ནས་ཁྲི80ཡི་བར་ཡིན་ངེས།

དགེ་རྒན་ཆེན་མོ་ཝང་མེས་ཧྭ་ཡིས་འགན་ལེན་བྱས་པའི“མིང་ཆིང་སོག་པོའི་ལོ་རྒྱུས་རྩོམ་རིག་ཡིག་ཆ་དག་སྒྲིག་དང་ཞིབ་འཇུག”ཞེས་པའི་ལས་གཞི་དེས་མིང་ཆིང་དུས་སྐབས་ཀྱི་སོག་པོའི་ལོ་རྒྱུས་རྩོམ་རིག་ཡིག་ཆའི་མྱུར་སྐྱོབས་སྲུང་སྐྱོབ་དང་ཞིབ་འཇུག་སྔོག་འདོན་ལ་ཁ་གཏད་ནས། དཔེ་ཆའི་ཁ་གཏད་ཡུལ་གཙོ་བོ་ནི་ལོ་རྒྱུས་རྩོམ་རིག་ཡིག་ཆ་དེ་སོག་པོའི་སྔོན་བྱོན་མེས་པོ་དག་གི་ངག་རྒྱུན་དང་སོག་པོའི་ཚོ་སྡེ་དག་གི་ལོ་རྒྱུས་དང་དེའི་ཞོར་འཕྲོས་སྙན་ངག སྙན་ངག་མཐའ་ཤན་མ་སོགས་རྣམ་པ་མི་འདྲ་བ་གསུམ་དུ་དབྱེ་སྟེ། མིང་ཆིང་དུས་སྐབས་ཀྱི་སོག་པོའི་ལོ་རྒྱུས་རྩོམ་རིག་ཡིག་ཆའི་ཐད་ལ་ཡིག་ཆའི་གོ་དོན་དང་ལོ་རྒྱུས་རྩོམ་རིག་གི་ཡིག་ཆ་གསར་རྩོམ་བྱེད་པའི་རྩོམ་རིག་ལྟ་བའི་ཞིབ་འཇུག སོག་པོའི་ལོ་རྒྱུས་རྩོམ་རིག་གསར་རྩོམ་བྱེད་ཐབས། དེ་མིན་ལོ་རྒྱུས་རྩོམ་རིག་ཁྲོད་ཀྱི་སྙན་ངག་སོགས་ལ་ཆེད་དོན་ཞིབ་འཇུག་བྱས་པ་མ་ཟད། གཞུང་ལུགས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པར་བཤད།

ལས་གཞི་གང་དེའི་ཆོག་མཆན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཀྲུང་གོའི་སྐད་ཡིག་རྩོམ་རིག་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་ཞིབ་འཇུག་གི་ལས་འགན་ནུས་པ་གལ་ཆེན་ཞིག་དང་ལེན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། ཚད་ངེས་ཅན་གྱི་སྒོ་ནས་སློབ་གྲྭའི་ཆེད་མཁས་ཤེས་ལྡན་པ་དག་གིས་སློབ་གསོ་པུའུ་ཡི་ལས་གཞི་གལ་ཆེན་ལ་རེ་འདུན་སྙན་ཞུ་ཕུལ་བའི་ཧུར་བརྩོན་རང་བཞིན་མཐོར་འདེགས་དང་། སློབ་གྲྭའི་ནང་ཀྲུང་གོའི་སྐད་ཡིག་རྩོམ་རིག་རིག་ཚན་འཕེལ་རྒྱས་དང་འབུམ་རམས་པ་འཛུགས་པར་རེ་འདུན་ཞུ་བའི་ཐད་ལ་ཡང་བྱེ་བྲག་གི་དོན་སྙིང་གལ་ཆེན་ལྡན་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།