མགོ་ལོག་ཁུལ་གྱིས་མ་དངུལ་སྒོར་ཁྲི4243བཏང་སྟེ་སྒོ་ཕྱུགས་ཀྱི་གནོད་འཚེ་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབས་པ།

རང་རེའི་དྲ་བའི་འཕྲིན། ལུགས་རྙིང་གི་ལོ་སར་ལ་ཉེ་བའི་སྐབས་འདིར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་སྔོན་མའི་ཁངས་སྐྱོན་གནོད་འཚེ་ཉམས་མྱོང་ཕྱོགས་སྡོམ་དང་དེ་འབྲེལ་བསླབ་བྱ་བསྡུ་ལེན་བྱས་པ་དང་ཆབས་ཅིག ད་ལྟའི་གནམ་གཤིས་སྡེ་ཁག་གི་ལྟ་ཞིབ་ཚད་ལེན་གཞི་གྲངས་དང་ཟུང་འབྲེལ་སྒོས། སེམས་པ་རྩེ་གཅིག་ངང་ཁངས་སྐྱོན་ལས་སྒོ་ཕྱུགས་ཀྱི་གནོད་འཚེ་འགོག་སྲུང་དང་མཁར་གྲོང་སྡོད་དམངས་ཀྱི་དམངས་ཚིས་ཐོན་སྐྱེད་འཚོ་བར་འགན་སྲུང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་བདེ་འཇགས་སྒོས་དགུན་ལེགས་པོ་སྐྱེལ་བའི་བྱ་བར་འགན་སྲུང་བྱས་པ་རེད། དེ་ལྟར2019ལོའི་ཟླ12པའི་ཟླ་དཀྱིལ་བར་ཁུལ་ཡོངས་ཀྱིས་སྒོ་ཕྱུགས་ཀྱི་གནོད་འཚེ་སྔོན་འགོག་འགན་སྲུང་བྱ་བའི་ཐད་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི4243.78བཏང་བ་རེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། 2019ལོའི་ཟླ11པ་ནས་བཟུང་སྟེ། མགོ་ལོག་ཁུལ་ལ་སྔ་གཞུག་ཏུ་ཁངས་ཆེན་ཐེངས5ལ་བབས་ཤིང་བབས་སའི་ས་རྒྱ་ཡང་ཆེ་བར་སྣང་། དེའི་ཁར་ཁངས་ཆགས་པའི་དུས་ཡུན་རིང་བ་བཅས་ཀྱི་སྣང་ཚུལ་ལྡན། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རྫོང་ཁག་སོ་སོའི་སྲིད་གཞུང་དང་ཁུལ་ཞིང་ཕྱུགས། དམངས་སྲིད། མཁོ་བསྟུན་བདག་དོམ། ནགས་ལས་རྩྭ་ཐང་། ཁྲོམ་རའི་ལྟ་སྐུལ་བདག་དོམ་སོགས་འབྲེལ་ཡོད་སྡེ་ཁག་དག་གི་དུས་སྔོན་མའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པ་ལ་ལེགས་པོར་ཉན་ཏེ། ཞིབ་འཇུག་དང་རྩད་གཅོད་གཏིང་ཟབ་བྱས་པ་བརྒྱུད་ཁངས་སྐྱོན་གནམ་གཤིས་ཀྱི་གནས་ཚུལ་ལྟར། ཁྱོན་ཡོངས་ནས་སྒོ་ཕྱུགས་ཀྱི་གནོད་འཚེ་སྔོན་འགོག་བྱ་བ་ལེགས་པོར་སྒྲུབ་པ་དང་རྩྭ་ཐང་གི་ནགས་ཚལ་མེ་སྐྱོན། མང་ཚོགས་ཀྱི་འཚོ་བར་འགན་སྲུང་། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་ཀྱི་བརྟན་འཇགས་འགེབས་སྲུང་སོགས་ཕྱོགས་མི་འདྲ་བ་ལྔའི་ཐད་ཀྱི་བྱ་བ་ལ་བརྩོན་ལེན་གང་ལེགས་བྱས་ཏེ། “འགོ་ལེགས་པོ་བརྩམས་ནས་མཇུག་ཡང་ལེགས་པོ་བསྡུ་རྒྱུ”བརྩོན་ལེན་བྱས་ཡོད།

གནོད་འཚེ་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་ཆེད། ད་ལྟའི་ཆར་མགོ་ལོག་ཁུལ་གྱི་ས་ཁུལ་སོ་སོའི་སྡེ་ཁག་དག་གིསགནོད་འཚེ་ཐེབས་ཡུལ་མེད་པ་དང་གནོད་འཚེ་ཡོད་ན་འགོག་སྲུང་ཡོད་པའི་འདུ་ཤེས་བརྟན་པོ་ཡིད་ལ་བཅངས་ནས། སྒོ་ཕྱུགས་ཀྱི་གནོད་འཚེ་སྔོན་འགོག་དང་འབྲོག་དམངས་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་བྱ་བ་དེ་ནི་ལས་འགན་གལ་ཆེན་གྱི་ཉིན་རེའི་ལས་དོན་ཁྲོད་བཞག་སྟེ། ཧུར་ཐག་སྒོས་སྒོ་ཕྱུགས་ཕྱིར་འཚོང་དང་སྒོ་ཕྱུགས་རྩྭ་སར་འདེད་པ། གཟན་ཆས་སྡེབ་སྒྲོག་དང་གསོག་འཇོག་བྱེད་པ། ཕྱུགས་ར་འཛུགས་སྐྲུན་བྱེད་པ། སྒོ་ཕྱུགས་ཀྱི་རིམས་ནད་སྔོན་འགོག་བྱེད་པ། སྒོ་ཕྱུགས་ཀྱི་ཉེན་སྲུང་འགན་བཅོལ། བགྲོད་ལམ་གཤོང་བ། མང་ཚོགས་ཀྱིས་དགུན་སྐྱེལ་ཐོན་རྫས་དངོས་ཟོག་འདོན་སྤེལ་དང་དེ་མིན་གནམ་གཤིས་ལྟ་ཞིབ་ཚད་ལེན་སྔོན་འགོག་ཉེན་བརྡ་སོགས་རིམ་པ་མི་འདྲ་བ་དག་གི་བྱ་བ་ལེགས་པོར་སྒྲུབ་ནས། གནོད་འཚེ་སྔོན་འགོག་དང་སྒོ་ཕྱུགས་ཀྱི་གནོད་སྐྱོན་བྱ་བའི་ཐད་ལ་རང་འགུལ་སྒོས་རྒྱལ་ཁ་ཆེན་པོ་བླངས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།