2020ལོའི་མཚོ་སྔོན་གྱི་ཚོང་རྫས་གྲགས་ཅན་འོས་སྦྱོར་སྐུལ་འདེད་བྱ་འགུལ་ཧྲིན་ཀྲུའུ་ནས་སྤེལ་འདུག

རང་རེའི་དྲ་བའི་འཕྲིན། ཟླ1ཚེས5ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཁྲོམ་རྭ་ལྟ་སྐུལ་བདག་དོམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི་ཧྲིན་ཀྲུའུ་གྲོང་ཁྱེར་གྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི“རབ་མཛེས་མཚོ་སྔོན། ལྷད་མེད་ཀྱི་ཚོང་རྟགས”ཞེས་པའི2020ལོའི་མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་འོས་སྦྱོར་སྐུལ་འདེད་བྱེད་པའི་འགྲེམ་འཚོང་བྱ་འགུལ་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲུའུ་གྲོང་ཁྱེར་གྱི་ལྷོ་རིའི་མེ་ཏོག་མཁར་གྲོང་གི་དངོས་ཟོག་ལྟེ་གནས་དང་ཡེའུ་ཧྥང་མཁར་དུ་གཟབ་རྒྱས་ངང་མཛད་སྒོ་སྤེལ། ཧྲིན་ཀྲང་གཞོན་པ་ལིག་ཐའོ་གྲོས་ཚོགས་ལ་ཞུགས།

ཐེངས་འདིའི་འོས་སྦྱོར་གྲོས་ཚོགས་ཀྱིས་ཞིང་ཆེན་ནང་ཁུལ་གྱི་ཁྱད་ལྡན་ཚོང་རྟགས་གྲགས་ཅན་གྱི་ཞིང་ལས་ཐོན་རྫས་ཁེ་ལས42རྩ་འཛུགས་བྱས་ཤིང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ནས་དང་གྲོ། ནོར་ལུག་ཤ་སོགས“འཚོ་བཅུད་དང་བདེ་སྲུང་། ལྷད་མེད། སཱ་མོད་པ”བཅས་ཀྱི་སྐྱེ་ལྡན་སྐྱེ་ཁམས་ཐོན་རྫས་ལེགས་པོ་བརྒྱ་ཕྲག་ལྷག་ཁྱེར་འོངས་ཡོད། དེ་མིན་མཚོ་སྔོན་གྱི་ཁྱད་ལྡན་ཆང་རིགས་དང་འོ་རིགས་སོགས་བཏུང་བྱ་མཚོ་རྒྱུད་གྲོང་ཁྱེར་ཧྲིན་ཀྲུའུ་རུ་ཁྱེར་ཡོང་བ་རེད། རེབ་འདིའི་མཚོ་སྔོན་གྱི་ཁྱད་ལྡན་ཚོང་རྫས་དར་སྤེལ་དང་འོས་སྦྱོར་བྱེད་པའི་བྱ་འགུལ་དེ་དུས་ཡུན་ཉིན་བཅུ་རེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། ཧྲིན་ཀྲུའུ་གྲོང་ཁྱེར་ལྷོ་རི་ས་ཁུལ་གྱི་མེ་ཏོག་ལྡུམ་རྭ་མཁར་གྱི་དངོས་ཟོག་ཉོ་འཚོང་ལྟེ་གནས་དང་ཡེའུ་ཧྥང་མཁར་གཉིས་ནི་གྲོང་ཁྱེར་ཆེན་པོའི་དཀྱིལ་དབུས་ཀྱི་ཚོང་གཉེར་ས་ཁུལ་གཉིས་རེད་ལ། ཀོང་ཏུང་རྒྱལ་སྤྱིའི་ཁྲོམ་རྭའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། འཛམ་གླིང་གི་ས་ཁུལ་མི་འདྲ་བ་དག་གི་ཁྱད་ལྡན་ཚོང་རྟགས་གྲགས་ཅན་ཁྲི་ལྷག་འདུས་ཡོད། དེ་ནི་ཐོན་རྫས་ལེགས་ཤོས་དང་སྣ་མང་བརྗོད་དོན་ཅན་གྱི་ཉོ་བསྡུའི་འཛད་སྤྱོད་ཞིབ་བཤེར་ལྟེ་གནས་རེད་ལ། ཚོང་དོན་མཉམ་ལས་ཀྱི་ཕུགས་འདུན་ཡུལ་དངོས་ཤིག་ཀྱང་ཡིན།

ཐེངས་འདིའི་སྐུལ་འདེད་འོས་སྦྱོར་གྲོས་ཚོགས་ཀྱིས་ཧྲིན་ཀྲུའུ་གྲོང་ཁྱེར་གྱི་ཐུན་མིན་ཁྱད་ལྡན་གྱི་གནས་བབ་ལེགས་པོ་བེད་སྤྱད་དེ། མཚོ་སྔོན་གྱི་ཁྱད་ལྡན་ཚོང་རྟགས་དག་ཨོ་མན་དང་ཤང་ཀང་སོགས་གྲུ་ཁ་ཆེ་ཤོས་ཀྱི་ས་ཁུལ་དག་ལ་འོས་སྦྱོར་བྱས་ནས་ཁྲོམ་ར་དག་ལ་སྣང་བརྙན་འགྲེམས་སྟོན་དང་ཚོང་རྟགས་དྲིལ་སྒྲོག ཁྲོམ་རའི་སྟེགས་བུ་རྒྱ་སྐྱེད་འགྲེམས་སྟོན་བཅས་ཀྱིས་རང་ཞིང་གི་མཐོ་སྒང་སྐྱེ་ཁམས་ཐོན་རྫས་ཀྱི་ཐོན་ཁུངས་དང་ཧྲིན་ཀྲུའུ་གྲོང་ཁྱེར། དེ་མིན་རྒྱལ་སྤྱིའི་ཁྲོམ་རྭའི་ཁ་བརྡའི་མཐུད་སྦྲེལ་བཅས་ལ་ཤུགས་བསྣན་ནས། མཚོ་སྔོན་དང་ཧྲིན་ཀྲུའུ་ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་ཀྱི་བསམ་བློ་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ལྷད་མེད་དང་སྐྱེ་ལྡན། བདེ་ཐང་བཅས་ཀྱི་ཚོང་རྟགས་གྲགས་ཅན་དག་རྒྱལ་ཡོངས་དང་འཛམ་གླིང་ཧྲིལ་བོར་འོས་སྦྱོར་སྐུལ་འདེད་བཏང་ནས། མཚོ་སྔོན་དང་འཛམ་གླིང་ས་ཁུལ་དག་གི་བར་ལ་ཕན་ཚུན་ཟུང་འབྲེལ་དང་གཅིག་ཕན་གཅིག་སྨན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འདོན་སྤེལ་བྱེད་ནུས་ཐོན་པ་མངོན་འགྱུར་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།