མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སློབ་གསོ་པུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་ལས་གཞི་གལ་ཆེན་ལ་ཐོག་མར་ཆོག་མཆན་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའུ་སྤྱི་ཚོགས་ཚན་རིག་སིས2019ལོ་འཁོར་གྱི་སློབ་གསོ་པུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞི་གལ་ཆེན་འགག་སྒྲོལ་ལས་གཞིའི་ལས་གཞི་འཛུགས་པའི་མིང་ཐོ་ཡོངས་སྒྲོག་བྱས་པ་དང་། རྒྱལ་ཡོངས་སུ་ལས་གཞི་འཛུགས་རྒྱུར་ཆོག་མཆན་སྤྲད་པ་དང་། མི་རིགས་མཐོ་སློབ3མིང་གྲས་སུ་ཚུད། དེ་ལས་མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་མེ་ཧྭ་ཡིས་དབུ་བཞུགས་ཆེད་མཁས་པར་ཡིག་ཐོག་སྙན་ཞུ་ཕུལ་བའི“མིང་ཆིང་སོག་རིགས་ཀྱི་ལོ་རྒྱུས་རྩོམ་རིག་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག”ལ་ལས་གཞི་འཛུགས་རྒྱུར་ཆོག་མཆན་ཐོབ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་སློབ་གསོ་པུའི་ལས་གཞི་གལ་ཆེན་ལ་མཆན་འགོད་ཐོབ་ཐེངས་དང་པོ་ཡིན་ལ། དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་པུའི་ལས་གཞི་གལ་ཆེན་འབའ་ཞིག་དེ་ཡིན་ལ། སློབ་གྲྭ་དེའི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་ཚན་རིག་ཞིབ་འཇུག་གི“ཚད་བརྒལ་གཉིས་མངོན་འགྱུར་བྱེད་པའི”ལྟེ་བའི་ལས་འགན་དམིགས་ཚད་ཀྱི་གྲས་ཤིག་ཡིན་པ་རེད།

སློབ་གསོ་པུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ལས་གཞི་གལ་ཆེན་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་ཚང་མ་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་། སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་མཐོ་རིམ་ཚན་རིག་ཞིབ་འཇུག་གི་ལས་གཞི་གཞན་དག་ཡིན་པས་དཔེ་སྟོན་དང་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ལྡན་ལ། སློབ་གསོ་པུའི་ལས་གཞི་གལ་ཆེན་ནི་དེ་དང་འདྲ་བར་ད་ལྟའི་དུས་མཚམས་སུ་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིམ་པ་མཐོ་ཤོས་དང་། དབང་གྲགས་རང་བཞིན་ཆེ་བ། རོགས་དངུལ་སྤྲོད་ཤུགས་ཆེ་བ་བཅས་ཀྱི་པུའུ་རིམ་པའི་སྲིད་གཞུང་གི་ཐེབས་རྩའི་རོགས་དངུལ་ལས་གཞི་ཞིག་ཡིན་པ་དང་། ཆ་སྙོམས་རོགས་སྐྱོར་བྱེད་ཚད་སྒོར་ཁྲི50ནས་སྒོར་ཁྲི80བར་ཡིན་པ་རེད།

དགེ་རྒན་ཆེ་མོ་བ་ཝང་མེ་ཧྭ་ཡིས་འགན་ཁུར་བའི“མིང་ཆིང་སོག་རིགས་ཀྱི་ལོ་རྒྱུས་རྩོམ་རིག་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག”གི་ལས་གཞི་དེ། མིང་ཆིང་དུས་སྐབས་སུ་སོག་རིགས་ཀྱི་ལོ་རྒྱུས་རྩོམ་རིག་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་སྲུང་སྐྱོང་དང་སྔོག་འདོན་བྱ་རྒྱུར་དམིགས་ནས་ཞིབ་འཇུག་བྱས་པ་རེད། འབྲི་ཡུལ་གྱིས་ལོ་རྒྱུས་རྩོམ་རིག་གི་ཚད་ལྡན་ཡིག་ཆ་དེ་སོག་རིགས་ཀྱི་མེས་པོའི་ངག་རྒྱུན་དང་། སོག་རིགས་ཀྱི་ཁྱིམ་རྒྱུད་བརྒྱུད་རིམ། རྗེས་སུ་བཀོད་པའི་སྙན་ངག་གི་མཇུག་བྱང་། དེ་བཞིན་སྙན་ངག་གི་ཕྲ་བཏབ་པ་སོགས་རྣམ་པ་གསུམ་དུ་དབྱེ་ཡོད་པ་དང་། མིང་དང་ཆིང་རྒྱལ་རབས་དུས་སྐབས་ཀྱི་སོག་རིགས་ཀྱི་ལོ་རྒྱུས་རྩོམ་རིག་གི་ཚད་ལྡན་ཡིག་ཆར་ཚད་ལྡན་ཡིག་ཆའི་རྣམ་བཤད་དང་། ལོ་རྒྱུས་རྩོམ་རིག་གི་ཚད་ལྡན་ཡིག་ཆའི་བརྩམས་ཆོས་ཀྱི་རྩོམ་རིག་ལྟ་བའི་ཞིབ་འཇུག སོག་རིགས་ཀྱི་ལོ་རྒྱུས་རྩོམ་རིག་གི་གསར་རྩོམ་བྱེད་ཐབས། ལོ་རྒྱུས་རྩོམ་རིག་ཁྲོད་ཀྱི་སྙན་ངག་སོགས་ལ་ཆེད་དོན་ཞིབ་འཇུག་བྱས་ལ། རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་རེད།

ལས་གཞི་དེར་ཆོག་མཆན་ཐོབ་པ་ལས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཀྲུང་གོའི་སྐད་ཡིག་རྩོམ་རིག་ཞིབ་འཇུག་ཁྱབ་ཁོངས་སུ་ཞིབ་འཇུག་གི་ལས་འགན་གལ་ཆེན་འཁུར་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མངོན་པས། སློབ་གྲྭའི་ཆེད་མཁས་པ་དང་མཁས་དབང་གིས་སློབ་གསོ་པུའི་ལས་གཞི་གལ་ཆེན་ལ་རེ་ཞུ་བྱེད་པའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ནས། སློབ་གྲྭའི་ཀྲུང་གོའི་སྐད་ཡིག་རྩོམ་རིག་རིག་ཚན་འཕེལ་རྒྱས་དང་འབུམ་རམས་པའི་ས་ཚིགས་འདུན་ཞུ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

ལོ་ཙཱ་བ། གཡང་སྐྱིད།