《ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲོལ་ཡིག》ལག་བསྟར་བྱས་རྗེས་ཀྱི་དངུལ་ཆད་ཐོག་མ།

ཟླ12ཚེས31ཉིན་མི་དམངས་དྲ་བས་ཟི་ལིང་ནས་སྤེ་བའི་འཕྲིན། ཟླ12ཚེས27ཉིན། མཚོ་སྔོན་གྱི་སྐྱེས་པ་ཞིག་གིས་སྒེར་ངོས་ནས་རི་སྐྱེས་སྲོག་ཆགས་གསོ་སྐྱོང་བྱས་པར་ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་ཀྱི་ཁྲིམས་འཛིན་སྡེ་ཚན་ནས་ཆད་པ་བཅད་འདུག དེ་ནི《ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲོལ་ཡིག》ཚོད་ལྟ་ལག་བསྟར་བྱས་ཚུན་དུ་ཐོག་མར་བཅད་པའི་ཆད་པ་རེད།

འདི་ནི་ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་བཏོན་པའི་པར་རིས་རེད།

ཟླ12ཚེས9ཉིན། ཆུ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡི་མཚོ་སྐྱ་རེངས་དང་སྔོ་རེངས་སྲུང་སྐྱོང་ཡན་ལག་མངག་གཏོང་ཁང་ལ་མིང་མི་བཤད་པའི་མང་ཚོགས་ཤིག་གིས་མི་ཞིག་གིས་ཁྱིམ་དུ་རི་སྐྱེས་སྲོག་ཆགས་གསོས་འདུག་ཅེས་ཞུ་གཏུག་འབྱོར་རྗེས། མངག་གཏོང་ཁང་གི་ཉེན་རྟོག་པ་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་དུ་བསྐྱོད་དེ་བོགས་གཏོང་ཚོང་ཁང་ཞིག་ཏུ་བྱ་རྒོད་གསོ་བཞིན་པའི་སི་ཁྲོན་ནས་ཡིན་པའི་ཉེས་ཅན་མི་སྣ་ལིའུ་ཆེ་གེ་མོ་འཛིན་བཟུང་བྱས།

རྩད་ཞིབ་ལྟར་ན། སི་ཁྲོན་ནས་ཡིན་པའི་ལས་གཉེར་པ་ལིའུ་ཆེ་གེ་མོས་ད་ལོའི་ཟླ6པར་རྨ་ཆུ་མགོ་ཁུངས་སྲུང་སྐྱོབ་ཁུལ་དུ་ལས་གཞི་ཞིག་ཏུ་ཨར་ལས་བྱེད་པའི་སྐབས་སུ། མཚོ་སྐྱ་རེངས་ཀྱི་འགྲམ་ནས་རྒོད་ཕྲུག་ཅིག་བཟུང་། ཟླ7པའི་ནང་ཁོའི་ལས་གྲོགས་སི་ཁྲོན་ནས་ཡིན་པའི་ཏུའུ་ཆེ་གེ་མོས་རྨ་ཆུའི་མགོ་ཁུངས་སུ་རྨས་ཕོག་པའི་བྱ་རྒོད་ཅིག་རྙེད་དེ་ཁོ་ལ་གསོ་རུ་བཅུག ལིའུ་ཆེ་གེ་མོས་དེ་ནི་རང་གི་དགའ་ཕྱོགས་ཡིན་པའི་དབང་དུ་བཏང་ནས་འབྲེལ་ཡོད་སྡེ་ཚན་ལ་སྙན་ཞུ་མ་བརྒྱབ་ལ། ཕྱིར་ཡང་མ་བཏང་བར་སྒེར་གྱིས་གླས་པའི་བོགས་གཏོང་ཁང་པར་གསང་བའི་སྒོ་ནས་ལོ་ཕྱེད་རིང་ལ་གསོ་སྐྱོང་བྱས་པས། བྱ་རྒོད་དེ་གཉིས་རི་ཐང་ནགས་གསུམ་དུ་འཚོ་བའི་ནུས་པ་ཉམས་པར་གྱུར།

ཤེས་གསལ་ལྟར་ན། བྱ་རྒོད་ནི་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་མིང་ཐོ་དམར་པོའི་ནང་ཉམས་ཉེན་ཤིན་ཏུ་ཆེ་བའི་རི་སྐྱེས་སྲོག་ཆགས་གྲས་སུ་བགྲང་ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྲོད་ཀྱི་སྲོག་ཆགས་གལ་ཆེན་རང་རེད། ཉེས་ཅན་ལིའུ་ཆེ་གེ་མོའི་བྱ་སྤྱོད་ནི་ཕྱིར་འཚོང་དང་། ཉོ་ཚོང་། སྐྱེལ་འདྲེན། བསད་པ་ལ་སོགས་ཀྱི་ཉེས་དམིགས་བསགས་མེད་ཀྱང་། ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲོལ་ཡིག་གི་གཏན་འབེབས་དང་གཞི་ནས་འགལ་ཡོད་པས་ཁྲིམས་འགལ་གྱི་བྱ་སྤྱོད་དུ་གཏོགས། དེར་ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུ་མགོ་ཁུངས་ཁྲིམས་འཛིན་ཅུས་ཀྱིས་སྲིད་འཛིན་ནས་ཆད་པ་སྒོར་ཁྲི2བཅད་ཅིང་། བྱ་རྒོད་དེ་གཉིས་ད་ལྟ་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་སྤྲད་དེ་དེ་གར་རོགས་སྐྱོབ་བྱེད་བཞིན་ཡོད་པ་རེད།

ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ལག་བསྟར་ཚོད་ལྟ་བྱས་ནས་བཟུང་། རྨ་ཆུ་མགོ་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་ཇེ་བཟང་ཇེ་ལེགས་ཡིན་ལ། རི་སྐྱེས་སྲོག་ཆགས་གླག་དང་རྒོད། ཁྲུང་ཁྲུང་། སྤྱང་ཀི རྐྱང་། དགོ་བ། གནའ་བ་སོགས་ཀྱི་གྲངས་འབོར་ཇེ་མང་དུ་སོང་བ་མངོན་གསལ་རེད། དེང་ཕྱིན་རྨ་ཆུ་མགོ་ཁུངས་ཀྱི་ཁྲིམས་འཛིན་སྡེ་ཚན་སོ་སོས《ཆུ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲོལ་ཡིག》གཞིར་བཟུང་སྟེ། སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་བཟོ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གང་རུང་ལ་རྡུང་རྡེག་ཚ་ནན་གཏང་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།