མི་འདི་དག་ལ་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.61སྤྲད་རྒྱུ་རེད།

རང་རའི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། གྲོང་ཁྱེར་དང་ཡུལ་ཚོའི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་སྔར་ལས་བཟང་པོར་སྒྲུབ་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཡུལ་ཚོའི་དཀའ་ངལ་ཅན་གྱི་མང་ཚོགས་དང་མཉམ་དུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་ཆེད། ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། ཞིང་ཆེན་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་གིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་ནས། 2020ལོའི་ལུགས་གསར་རྙིང་གི་ལོ་སར་སྐབས་སུ། གྲོང་ཁྱེར་དང་ཡུལ་ཚོའི་དཀའ་ངལ་ཅན་གྱི་མང་ཚོགས་ལ་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.61སྤྲད་རྒྱུ་རེད།

ད་ལོའི་ལུགས་གསར་རྙིང་གི་ལོ་སར་སྐབས་སུ་སྤྲོད་པའི་འཚོ་བའི་ཁ་གསབ་མ་དངུལ་གྱི་ཚད་གཞི་གཤམ་གསལ་ལྟར།

གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཅན་གྱི་མི་རེར་སྒོར500དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཅན་དང་དམིགས་བསལ་དཀའ་ངལ་ཅན་གྱི་གསོ་སྐྱོང་མི་སྣ་མི་རེར་སྒོར400། རྒྱལ་ཁབ་ཀྱི་གོད་ཚིས་རོགས་དངུལ(国家抚恤补助)ལོངས་སྤྱོད་བྱེད་བཞིན་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་མཁན་དང་། རྒྱལ་ཁབ་མ་བཙུགས་སྔོན་གྱི་ཏང་ཡོན་རྒན་པ་མི་རེར་སྒོར560སྤྲད་རྒྱུ་རེད།

སྔོན་རྩིས་ལྟར་ན། 2020ལོའི་ལུགས་གསར་རྙིང་གི་ལོ་སར་སྐབས་སུ་སྤྲོད་པའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.61། གྲོང་ཁྱེར་དང་ཡུལ་ཚོའི་དཀའ་ངལ་ཅན་གྱི་མང་ཚོགས་ཁྲི38.17ལ་སྤྲད་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།