2020ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དུས་ཚོད་གཏན་ཁེལ་བྱས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པས་ཚེས28ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོག་པའི་གྲོས་ཐག་བཅད། གྲོས་ཐག་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ2020ལོའི་ཟླ3པའི་ཚེས5ཉིན་པེ་ཅིན་ནས་འཚོག་རྒྱུ་རེད།

ཉེ་ཆར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་གཅིག་པ་ཚོགས་ཤིང་། ཚོགས་འདུའི་སྟེང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་འཚོག་པའི་གྲོས་ཆོད(འཆར་ཟིན)ལ་གྲོས་འཆམ་བྱུང་བ་མ་ཟད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་སྤྱི་ལོ2020ལོའི་ཟླ3པའི་ཚེས3ཉིན་པེ་ཅིན་ནས་འཚོག་རྒྱུར་རེ་བ་བཏོན།