སང་ཉིན་ཉི་མ་མཚའ་རྒྱུ་རེད།

རང་རེའི་དྲ་བའི་འཕྲིན། ཀྲུང་གོ་གནམ་དཔྱད་རིག་པ་ལྷན་ཚོགས་ཀྱི་ཚོགས་མི། ཐེན་ཅིན་གྲོང་ཁྱེར་གནམ་དཔྱད་རིག་པ་ལྷན་ཚོགས་ཀྱི་ལས་འཛིན་ཧྲི་ཀྲི་ཁྲེང་གིས་ངོ་སྤྲོད་བྱས་པ་ལྟར། པེ་ཅིང་གི་དུས་ཚོད་ལྟར་བརྩིས་ན། ཐེངས་འདིའི་ཉི་འཛིན་གནམ་གཤིས། ཟླ12པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ29.50ནས་ཆུ་ཚོད16དང་སྐར་མ05.43བར་ཏེ། དུས་ཡུན་ཆུ་ཚོད5ལྷག་ཙམ་ལ་ཉི་འཛིན་གྱི་སྣང་ཚུལ་འབྱུང་རྒྱུ་རེད་ཟེར།

ཉི་འཛིན་ཞེས་པ་ནི། ཉི་ཟླ་གཉིས་དང་སའི་གོ་ལ་འཁོར་ཏེ་ཏག་ཏག་དྲང་ཐིག་གཅིག་གི་སྟེང་འཁེལ་དུས། བར་ན་གནས་པའི་ཟླ་བས་ཉི་འོད་བསྒྲིབས་ཏེ་སའི་གོ་ལའི་སྟེང་འཕྲོ་མི་ཐུབ་ལ། སྐབས་དེར་ངག་རྒྱུན་ཁྲོད་ཀྱི་ཉི་མ་མཚའ་བའམ། ཚན་རིག་ངོས་ནས་ཉི་འཛིན་ཟེར་བའི་གནམ་གཤིས་སྣང་ཚུལ་དེ་འབྱུང་གི་ཡོད།