ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་།

དེ་རིང་ང་ཚོས་སྤེལ་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དྲུག་པའི་ནང་དོན་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཞེས་པའི་དོན་ཆེན་འདི་གསལ་པོར་བཏོན་ཡོད་པ་དང་། དེར་ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཡིན་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཉིད་གོ་གནས་ཨང་དང་པོར་འཇོག་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་འཛིན་རྒྱུ་ནན་བཤད་བྱས་ཡོད་པ་རེད། ང་ཚོས་ཁ་བྱང་འདི་གཞིར་བཟུང་ནས་ཐུན་མོང་ཐོག་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་ཡིན།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་གལ་ཆེའི་གནད་དོན་འདི་བཏོན་པར་བསམ་གཞིགས་གཏིང་ཟབ་བྱས་ཡོད། སྲིད་ཏང་གང་ཞིག་ཡིན་རུང་ཚང་མར་ཆབ་སྲིད་ཀྱི་ངོ་བོ་ལྡན་པ་དང་། ཚང་མར་རང་ཉིད་ཀྱི་ཆབ་སྲིད་ཀྱི་ལས་འགན་དང་། ཆབ་སྲིད་ཀྱི་དམིགས་ཡུལ། ཆབ་སྲིད་ཀྱི་རེ་སྙེག་བཅས་ཡོད། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ལ་བླ་ན་མེད་པའི་ཆབ་སྲིད་ཀྱི་ཕུགས་བསམ་དང་། བླ་ན་མེད་པའི་ཆབ་སྲིད་ཀྱི་འཚོལ་སྙེག དྭངས་གཙང་གི་ཆབ་སྲིད་ཀྱི་གཤིས་རྒྱུད། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་པོ་བཅས་ཡོད། གལ་ཏེ་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་གི་ཆབ་སྲིད་ཐད་ཀྱི་སྔོན་ཐོན་རང་བཞིན་ཤོར་ན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་གླེང་ཐབས་བྲལ་བ་རེད། དེ་ནི་ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྤེལ་བྱ་རྒྱུ་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་དུ་འཛིན་པའི་རྒྱུ་མཚན་ཡིན། རང་རེའི་ཏང་ལ་ཏང་ཡོན་ཁྲི་8900ལྷག་ཙམ་དང་གཞི་རིམ་ཏང་རྩ་འཛུགས་ཁྲི་450ལྷག་ཙམ་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ཆབ་སྲིད་ཀྱི་ངོ་བོ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ནི་བྱ་བ་ལས་སླ་མོ་ཞིག་མིན་པས། སྤྱི་ཁོག་ནས་དམ་འཛིན་བྱེད་པ་ཙམ་དང་ཡང་ན་གཅིག་སྡུད་ཀྱིས་གཡུལ་འགྱེད་ཐེངས་ཁ་ཤས་བརྒྱབ་པ་ཙམ་གྱིས་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་པའི་རེ་བ་འཆང་མི་རུང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ང་ཚོའི་ཏང་གིས་སྔར་ནས་བཟུང་ཆབ་སྲིད་ཐོག་ནས་ཏང་འཛུགས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཀུའུ་ཐེན་གྲོས་ཚོགས་ཐོག་བློ་མཐུན་མའོ་ཙེ་ཏུང་གིས་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་པའི་ཐོག་མའི་བླང་བྱ་བཏོན་པ་ནས་1945ལོར་ཏང་གི་ཚོགས་ཆེན་ཐེངས་བདུན་པའི་ཐོག་“ཐོག་མར་བསམ་བློའི་ཐོག་དང་ཆབ་སྲིད་ཐོག་འཛུགས་སྐྲུན་བྱ་རྒྱུ་གཙིགས་སུ་འཛིན་དགོས་པ་དང་། དུས་མཚུངས་སུ་རྩ་འཛུགས་ཐོག་ཀྱང་འཛུགས་སྐྲུན་བྱ་དགོས་”ཞེས་བཏོན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བློ་མཐུན་མའོ་ཙེ་ཏུང་གིས་“ཆབ་སྲིད་ཀྱི་ལས་ཀ་ནི་དཔལ་འབྱོར་གྱི་ལས་ཀ་མཐའ་དག་གི་སྲོག་རྩ་ལྟ་བུ་ཡིན་”ཞེས་བཏོན་གནང་བ་ནས་སྒྱུར་བཅོས་སྒོ་འབྱེད་བྱས་པའི་རྗེས་སུ་བློ་མཐུན་ཏེང་ཞའོ་ཕིན་གྱིས་“ནམ་ཞིག་ཡིན་རུང་ཆབ་སྲིད་ལ་དང་དོད་བྱ་དགོས་”ཞེས་ནན་གསུང་གནང་བ་རེད། དེ་དག་ཚང་མས་ཆབ་སྲིད་ཐོག་ནས་ཏང་འཛུགས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་ནི་ང་ཚོའི་ཏང་ཟམ་མི་ཆད་པར་འཕེལ་རྒྱས་དང་། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པ་གསལ་པོར་བསྟན་གནང་བ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་ཁྲོད་ཏང་ནང་ཁུལ་དུ་གནས་པའི་གནད་དོན་མང་པོ་ཞིག་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་ང་ཚོར་ངོས་འཛིན་གཏིང་ཟབ་བྱུང་། དེ་དག་ཚང་མ་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་དང་དངོས་འཛིན་མ་བྱས་པའི་རྐྱེན་གྱིས་རེད། “རྩ་བ་བཅོས་སྐྱོང་བྱེད་ན། ཁ་བཤད་དོན་ལ་གནས་དགོས། མཇུག་མ་སྐྱོབ་དགོས་ན། བསྐལ་བརྒྱར་འགྱུར་བ་མེད་དགོས།” ཆབ་སྲིད་ཐོག་ནས་གནད་དོན་ངོས་འཛིན་དང་གནད་དོན་ཐག་མ་བཅད་ན་མགོ་བོ་ན་བར་མགོ་བོ་བཅོས་པ་དང་རྐང་པ་ན་བར་རྐང་པ་བཅོས་པ་ལྟ་བུའི་གཞན་དབང་གི་གནས་སུ་ལྷུང་སྲིད་པས། རྩ་བའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་ཐབས་བྲལ་བ་རེད། དེ་ལྟར་ཡིན་པའི་དབང་གིས་ངས་“ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་ཐོག་མར་ཆབ་སྲིད་ཀྱི་ཐོག་ནས་བལྟ་དགོས་པ་”དང་། “ཆབ་སྲིད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་དགོས་”ཞེས་ནན་བཤད་ཐེངས་མང་བྱས་པ་ཡིན། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་མངོན་གསལ་དོད་པོའི་གནས་བབ་ཐོག་བཞག་ནས་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་བཏང་སྟེ་“འདུ་ཤེས་བཞི་”ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བ། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་གཙང་མ་བཟོ་བ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་དང་ཉེས་གཅོད་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལག་ལེན་དངོས་ཀྱིས་ང་ཚོར་གཏིང་ཟབ་པའི་སྒོ་ནས་ཤེས་སུ་བཅུག་པ་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དང་ཕན་འབྲས་གཏན་འཁེལ་བྱས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དམ་འཛིན་མི་བྱེད་པའམ་ཡང་ན་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ཁྲིད་སྟོན་ཁ་ཕྱོགས་དང་རྒྱབ་འགལ་བྱས་ན། ཏང་གི་འཛུགས་སྐྲུན་གཞན་དག་ལ་སྔོན་དཔག་གི་ཕན་འབྲས་ཐོབ་དཀའ་བ་རེད། ངེས་པར་དུ་གསལ་པོར་རྟོགས་དགོས་པ་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཐད་ལ་གྲུབ་འབྲས་ཧ་ཅང་མང་པོ་ཐོབ་ཡོད་མོད། འོན་ཀྱང་ཏང་ནང་ཁུལ་དུ་གནས་པའི་ཆབ་སྲིད་ཀྱི་གནད་དོན་ད་དུང་རྩ་བའི་ཆ་ནས་ཐག་གཅོད་ཐུབ་མེད། བློ་མཐུན་ལ་ལས་ཆབ་སྲིད་ལ་སྣང་ཆུང་བྱེད་པ་དང་ཆབ་སྲིད་ཉམས་ཞན་དུ་གཏོང་བའི་གནད་དོན་ད་དུང་ཅུང་འབུར་ཐོན་ཡིན་པ་དང་། ལ་ལར་“འདུ་ཤེས་བཞི་”ཟབ་མོ་མེད་ཅིང་། ལ་ལས་ཏང་གི་འགོ་ཁྲིད་ཚིག་སྟོང་ཙམ་དུ་འཛིན་པ། ལ་ལར་གཏམ་སྤྱོད་ནོར་འཁྲུལ་ཅན་གྱི་མདུན་དུ་ཆབ་སྲིད་ཤེས་ཚོར་སྐྱེན་པོ་དང་། ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ། འཐབ་རྩོད་ཀྱི་སྙིང་སྟོབས་བཅས་ཡོད་པ་མ་རེད། ལ་ལས་སྔར་བཞིན་རང་འདོད་རང་བསམ་བྱེད་པ་དང་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྣང་མེད་དུ་གཏོང་བ། ལ་ལས་སྔར་བཞིན་མངོན་མེད་སྒྲིག་སྲོལ་ལག་ལེན་བསྟར་བ་དང་། ཚོང་ཟོག་བརྗེ་རེས་བྱེད་པའི་རྩ་དོན་ཏང་ནང་དུ་སྤྱོད་པ་སོགས་བྱེད་ཀྱི་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ལས་འགན་ལྗིད་ཅིང་ཕུགས་རྒྱང་རིང་བ་ཞིག་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་བྱེད་དགོས།

ཏང་གི་ཆབ་སྲིད་འཛུགས་སྐྱོང་སྐོར་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད། ངས་ཡུལ་དུས་མི་འདྲ་བར་ཡང་ཕྱོགས་ཡོངས་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་མྱོང་། འདིར་ངས་ཡང་བསྐྱར་ཕྱོགས་འགའ་ནན་བཤད་བྱ་རྒྱུ་ཡིན།

དང་པོ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་འཛིན་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ནི་ཏང་འཚོ་གནས་དང་འཕེལ་རྒྱས་ཀྱི་གནད་དོན་ཨང་དང་པོ་ཡིན་པས། ཏང་གི་མདུན་ལམ་དང་ལས་དབང་དང་བྱ་གཞག་གི་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད། དམར་དམག་གིས་རྩྭ་ཐང་བརྒལ་སྐབས་སུ། མ་བྱན་བློ་མཐུན་རྣམས་མལ་ལས་ལངས་མ་ཐག དེ་རིང་འབྲས་བཙོ་རྒྱུ་ཡོད་མེད་མི་འདྲི་བར་སྔོན་ལ་ལྷོ་ཕྱོགས་སུ་འགྲོ་དགོས་སམ་ཡང་ན་བྱང་ཕྱོགས་སུ་འགྲོ་དགོས་ཞེས་དྲིས། དེའི་ཐོག་ནས་དམར་དམག་གི་དཔུང་སྡེའི་ནང་མ་བྱན་ཞིག་ཡིན་ནའང་ཁ་ཕྱོགས་ཀྱི་གནད་དོན་དེ་གང་ཞིག་ཟ་བ་ལས་གལ་ཆེ་བ་ཡོད་པ་གསལ་བཤད་བྱུང་ཡོད། གལ་ཏེ་ཁ་ཕྱོགས་ཀྱི་གནད་དོན་ཐད་ནོར་འཛོལ་བྱུང་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་འབྱུང་ངེས་རེད། དེའི་ཐད་ལ་ང་ཚོས་ངེས་པར་དུ་ངོས་འཛིན་ཧ་ཅང་གསལ་པོ་བྱེད་དགོས།

ང་ཚོས་བརྟན་སྲུང་བྱ་དགོས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ནི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་བཅས་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཡིན། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཆབ་སྲིད་ཀྱི་ཕྱོགས་སྟོན་ནུས་པ་འདོན་སྤེལ་བྱས་ནས་ཏང་ཡོངས་ཀྱི་ཕུགས་བསམ་དད་སེམས་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། བསམ་བློའི་སྨུག་སྤྲིན་དྭངས་སུ་འཇུག་པ་དང་ངོས་འཛིན་གསལ་པོ་བཟོ་བ། འགལ་རྐྱེན་སྣ་ཚོགས་སེལ་བ། ཏང་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་གཅིག་སྡུད་བྱེད་རྒྱུ་དེ་ཡིན། ཏང་ཡོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་འཐབ་ཇུས་གལ་ཆེན་ཇུས་འགོད་དང་། སྲིད་ཇུས་གལ་ཆེན་གཏན་འབེབས། ལས་འགན་གལ་ཆེན་བཀོད་སྒྲིག ལས་དོན་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་ཁྲོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྟག་ཏུ་རེའུ་མིག་དང་དམིགས་ཚད་ལ་ཞིབ་བསྡུར་བྱས་ནས་དུས་ཐོག་ཏུ་ནོར་འཛོལ་ཡོ་བསྲང་བྱེད་ཅིང་། ཏང་གི་ཆབ་སྲིད་ཁ་ཕྱོགས་ལ་མི་མཐུན་པ་དང་རྒྱབ་འགལ་བྱེད་པའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་རྒྱུ། ཏང་གི་རྩ་འཛུགས་རིམ་པ་ཁག་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་བརྟན་སྲུང་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ལ་བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་བརྒྱུད་དེ་མདུན་སྐྱོད་བྱ་དགོས་པའི་སློབ་གསོ་གཏོང་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཐད་གནད་དོན་ཡོད་མཁན་རྣམས་ལ་ངེས་པར་དུ་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བྱེད་དགོས་པ་དང་། གནད་དོན་ཚབས་ཆེན་ཡོད་མཁན་རྣམས་ཏང་གི་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

གཉིས་པ། ཏང་གི་ཆབ་སྲིད་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་རྒྱུ་དེ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡང་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དེ་རེད། ཏང་ནི་ཆེས་མཐོའི་ཆབ་སྲིད་འགོ་ཁྲིད་ཀྱི་སྟོབས་ཤུགས་ཡིན། ཏང་གི་འགོ་ཁྲིད་མེད་ན་མི་རིགས་བསྐྱར་དར་ཡོང་རྒྱུ་ནི་སྟོང་བསམ་འབའ་ཞིག་ཡིན། ལོ་རྒྱུས་དང་མི་དམངས་ཀྱིས་ང་ཚོའི་ཏང་ཉིད་གོ་གནས་འདི་འདྲ་ཞིག་གི་ཐོག་བཞག་པས། ང་ཚོས་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ལྡན་ལ་བརྟེན་ནས་འཁུར་འོས་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཏང་ཡོངས་སུ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་འདུ་ཤེས་མངོན་གསལ་ཆེ་རུ་ཕྱིན་ཡོད། དུས་མཚུངས་སུ་ཡང་ང་ཚོས་གསལ་པོར་ཤེས་དགོས་པ་ནི་ལས་ཀ་དངོས་ཀྱི་ཁྲོད་དུ་ས་གནས་དང་སྡེ་ཚན་ཁ་ཤས་སུ་ཁ་སྟོང་ནང་གི་ཚིག་སྟོང་ཙམ་དུ་ལུས་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་རྩ་འཛུགས་ཀྱི་མ་ལག་དང་། ལམ་ལུགས་ཀྱི་མ་ལག ལས་ཀའི་ལམ་སྲོལ་བཅས་གསར་འཛུགས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་འགོ་ཁྲིད་དེ་སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་གསུམ་སོགས་ཁྱབ་ཁོངས་ཁག་དང་ཕྱོགས་སོ་སོ་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཏང་གི་ཆབ་སྲིད་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་གལ་ཆེ་ཤོས་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། དེ་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩི་དགོས། ཏང་ཡོངས་ལ་ཁྲིད་སྟོན་བྱས་ནས་“འདུ་ཤེས་བཞི་”ཟབ་ཏུ་གཏོང་བ་དང་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། ཏང་ཀྲུང་དབྱང་གི་མཐའ་ཐག་གཅོད་པའི་དབང་གྲགས་འགན་ལེན་བྱེད་དགོས། མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཉམས་ལེན་འབད་སྒྲུབ་བྱས་ཏེ་རང་འགན་གཙང་སྒྲུབ་བྱེད་པའི་བརྒྱུད་རིམ་ནང་རང་རྟོགས་ངང་སྤྱི་ཡོངས་ནས་བྱ་སྤྱོད་སྤེལ་ནས་ཏང་ཡོངས་ལ་མིག་དཔེ་ཡག་པོ་སྟོན་དགོས།

གསུམ་པ། ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། མི་དམངས་མང་ཚོགས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ནི་ང་ཚོའི་ཏང་གི་ཆེས་བློས་འཁེལ་ཆོག་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། དེ་སྔོན་“བཟོ་ཞིང་ཁྲི་ཚོ་བརྒྱ་སྟོང་གིས་སེམས་མཐུན་ལས་སྒྲུབ་བྱས་པ་”དེས་རང་རེའི་ཏང་གིས་མི་དམངས་ལ་བརྟེན་ནས་གསར་བརྗེ་ལ་རྒྱལ་ཁབ་ཐོབ་པར་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་མྱོང་། དེང་གི་དུས་སུ་ང་ཚོས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བརྩིས་པ་ནི་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྐྲུན་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཆེད་ཡིན། “རྒྱལ་ཁབ་ནི་མི་དམངས་རྩ་བར་འཛིན་པ་ཞིག་དང་། རྒྱལ་ཁབ་ནི་མི་དམངས་ཀྱི་དོན་དུ་གནས་པ་ཞིག་ཡིན།” ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ན། དམངས་སེམས་ཞེས་པའི་ཆེས་ཆེ་བའི་ཆབ་སྲིད་ལ་དང་དོད་བྱས་ཏེ། དམངས་སེམས་དང་དམངས་ཀྱི་འདོད་བློ་ཐོབ་པ་དང་། མི་དམངས་ཀྱི་བློ་གྲོས་དང་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་འཛིན་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། མི་དམངས་དང་བསམ་སྦྱོར་མཐུན་པར་བྱས་ཏེ་“སྤྱོད་ཚུལ་བཞི་”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱིས་ང་ཚོར་བརྩི་བཀུར་བྱེད་མིན་དང་། རྒྱབ་སྐྱོར་བྱེད་མིན། བློ་ལ་འབབ་མིན་བཅས་ནི་ང་ཚོས་ཇི་ལྟར་བཤད་པ་ལ་བལྟ་དགོས་པ་མ་ཟད། ང་ཚོས་ཇི་ལྟར་སྒྲུབ་པར་དེ་བས་ཀྱང་བལྟ་དགོས། དངོས་དོན་སྒྲུབ་ན་གཞི་ནས་རྒྱལ་ཁབ་དར་རྒྱས་གཏོང་ཐུབ་པ་དང་། དངོས་དོན་སྒྲུབ་ན་གཞི་ནས་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ་པ། དངོས་དོན་སྒྲུབ་ན་གཞི་ནས་མི་དམངས་ཕྱུག་པོར་འགྱུར་ཐུབ་པ་བཅས་རེད། ཡར་རྒྱས་བརྩོན་ལེན་ལ་མི་དགའ་བ་དང་། སྲིད་དོན་སྒྱིད་ལུག་བྱེད་པ། ཐབས་མཁས་ཀྱིས་རང་སྲུང་བྱེད་པ། ཉི་མ་འཁྱོལ་ཐབས་བྱེད་པ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་ཐམས་ཅད་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་། དུས་རབས་གསར་པའི་བླང་བྱ་གསར་པ་དང་མཐུན་པ་མ་རེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྙིང་སྟོབས་ཆེར་སྐྱེད་བྱེད་པའི་སློབ་གསོ་དང་བསྔགས་སྐུལ་བྱས་ཏེ། སེམས་ཤུགས་དང་ནུས་པ་ཡོད་རྒུ་འཕར་སྣོན་བརྟན་པོ་ཡོང་ཆེད་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་འགོག་པ་བཅས་ཀྱི་ཐད་བཀོལ་དགོས། འགག་གནད་བཀྲོལ་བ་དང་། དཀའ་གནད་སེལ་བ། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་འབྲེལ་བ་དང་ཆེས་དངོས་ཡོད་ལ་མཐུན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས། དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་། དམ་པ་དོན་གཉེར་བྱེད་ཕོད་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པར་རྩ་འཛུགས་ཀྱིས་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས། རིན་མེད་ཀྱི་ཟས་ཟ་བ་དང་། སྟོང་བཤད་ཁོ་ན་བྱེད་པ། དངོས་དོན་སྒྲུབ་མཁན་ལ་གདེང་འཇོག་ངན་པ་བྱེད་པ་དང་ཐ་ན་མ་ཉེས་ཁག་གཡོགས་བྱེད་པར་དགའ་བ་བཅས་ཀྱི་མི་རྣམས་ལ་སྐྱོན་བརྗོད་དང་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཏེ། ཏང་ཡོངས་སུ་འགན་འཁྲི་འཁུར་རྒྱུ་གཟི་བརྗིད་དུ་བརྩི་བ་དང་སྒྱིད་ལུག་ལ་ངོ་ཚ་དགོས་པའི་སྲོལ་བཟང་ཞིག་ཆགས་པར་བྱེད་དགོས།

བཞི་པ། ཆབ་སྲིད་ཀྱི་སྐྱེ་ཁམས་གསོ་སྐྱོང་བྱེད་དགོས། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་ན་ཏང་ནང་དུ་སྲོལ་བཟང་དར་ཐུབ་ཅིང་། ཆབ་སྲིད་ཀྱི་སྐྱེ་ཁམས་མ་བཟང་ན་ཏང་ནང་དུ་སྲོལ་ངན་དར་སྲིད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྔོན་གྱི་དུས་སྐབས་ཤིག་གི་རིང་ལ། ས་གནས་དང་ལས་ཁུངས་ཁ་ཤས་ཀྱི་ཆབ་སྲིད་སྐྱེ་ཁམས་ཇེ་སྡུག་ཏུ་ཚབས་ཆེན་སོང་བ་དང་། མི་སེམས་ཁ་ཐོར་དུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་དར་སྲོལ་ངན་པར་གྱུར་པས། མི་དམངས་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་བྱེད་པར་གནོད་པ་ཆེན་པོ་བཟོས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་དེ། དེའི་སྐོར་ཚང་མས་མྱོང་ཚོར་ཐུབ་ཀྱི་ཡོད། དུས་མཚུངས་སུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་བྱུང་རྒྱལ་ཅན་དང་། ཕྱི་ཚུལ་ཅན། ཉམས་ཞན་ཅན། ཐ་མལ་ཅན་བཅས་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་བྱུང་མེད་པ་ཡང་ང་ཚོས་ཤེས་དགོས། དེ་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱེད་དགོས།

ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་རྒྱུ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་ལྡན་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དེའི་འབྱུང་ཁུངས་བཤངས་པ་དང་། ནང་སྙིང་བཅོས་སྐྱོང་། སྤྱོད་བཟང་གསོ་སྤེལ། རྩ་བ་སྲ་བརྟན་བཅས་བྱས་ཏེ་སྙིང་རུས་ལྷོད་མེད་དང་ཡུན་རིང་བྱས་རྗེས་འཇོག་དགོས། མི་འདེམས་སྤྱོད་ནི་ཕྱོགས་སྟོན་འཁོར་ལོ་ཡིན་པས་ཆབ་སྲིད་སྐྱེ་ཁམས་ཀྱི་འཕེལ་ཕྱོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། མི་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་འཛུགས་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་དུ་བརྩིས་ནས་ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་རྟག་ཏུ་ཆབ་སྲིད་ཀྱི་གཟུགས་པོར་བརྟག་དཔྱད་དང་། ཆབ་སྲིད་ཀྱི་ཐལ་རྡུལ་གཙང་སེལ། ཆབ་སྲིད་ཀྱི་བླ་སྲོག་གཙང་འགྱུར། ཆབ་སྲིད་ཀྱི་ནད་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་“ཉིན་རྒྱུན་སྤྱོད་ཀྱང་གོ་མེད་ཚོར་མེད་”ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་ལ་མི་མངོན་པའི་ཤུགས་རྐྱེན་ཐེབས་བཞིན་ཡོད། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གིས་དར་སྤེལ་གཏོང་བའི་ཕུགས་བསམ་དད་སེམས་དང་། རིན་ཐང་འདུ་ཤེས། སྲོལ་རྒྱུན་བཟང་པོ་བཅས་ཏང་ཡོན་དང་ལས་བྱེད་པའི་བསམ་བློ་དང་རྣམ་ཤེས་ཁྲོད་ཟབ་འཇུག་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ། ཟོལ་མེད་གཞུང་དྲང་དང་། དྲང་གཞག་ཚུལ་མཐུན། དངོས་ཐོག་བདེན་འཚོལ། སྤྱོད་གཙང་གཞུང་དྲང་སོགས་ཀྱི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་ནས་ཆབ་སྲིད་ཀྱི་རིག་གནས་ལེགས་པོར་བརྟེན་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་གསོ་སྐྱོང་བྱེད་དགོས།

ལྔ་པ། ཆབ་སྲིད་ཀྱི་ཉེན་ཁར་དོགས་ཟོན་བྱེད་དགོས། “བདེ་བའི་དུས་སུ་ཉེན་ཁ་དྲན། །བཅོས་སྐྱོང་བྱེད་སྐབས་ཟིང་ཆར་དོགས།” ང་ཚོའི་ཏང་ནི་ནང་རྩོད་ཕྱི་འཁྲུག་ཁྲོད་དབུ་བརྙེས་པ་དང་། དཀའ་ངལ་དང་བར་ཆད་ཁྲོད་འཚར་ལོངས་བྱུང་བ། ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་ཁྲོད་སྟོབས་ལྡན་དུ་གྱུར་བ་བཅས་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་དྲག་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ངས་ཐེངས་མང་པོར་མ་མཐའི་མཚམས་ཐིག་གི་བསམ་གཞིགས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། དེ་ནི་ཏང་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་“བདེ་བའི་དུས་སུ་ཉེན་ཁ་མི་བརྗེད་པ་དང་། གནས་པའི་དུས་སུ་འཇིག་པ་མི་བརྗེད་པ། བཅོས་པའི་སྐབས་སུ་ཟིང་ཆ་མི་བརྗེད་པ་”བཅས་བློ་ལ་བརྟན་པོར་ངེས་དགོས་པ་དེ་ཡིན། གནས་བབ་གསར་པའི་འོག རང་རྒྱལ་གྱི་མདུན་དུ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་འཕེལ་རྒྱས་དང་བདེ་འཇགས་ཀྱི་ཁོར་ཡུག་ལྷགས་ཡོད་པ་དང་། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་མང་དུ་མངོན་གསལ་ཕྱིན་ཡོད། གལ་ཏེ་དུས་ཐོག་ཏུ་ཚོད་འཛིན་ནུས་ལྡན་བྱེད་མ་ཐུབ་ན་ཆབ་སྲིད་ཀྱི་ཉེན་ཁར་འགྱུར་ཉེན་ཡོད། ཏང་ཡོངས་ཀྱི་བློ་མཐུན་སྤྱི་དང་ལྷག་པར་དུ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བྱེད་ནུས་ཆེ་རུ་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོའི་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་བྱེད་ནུས་ཆེ་རུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཆབ་སྲིད་ཀྱི་གནད་དོན་སློང་སླ་བའི་དོན་རྐྱེན་དང་ལྷག་པར་དུ་གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་གྱི་དྲག་ཚོར་རྒྱུ་རྐྱེན་དང་མགོ་འབུར་རང་བཞིན་དང་ཕྱོགས་འགྱུར་རང་བཞིན་བཅས་ཀྱི་གནད་དོན་ཐད། མིག་གསལ་ལ་མཐོང་སྔ་བ་དང་ལག་མགྱོགས་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་དགོས། ཁྱབ་ཁོངས་མི་འདྲ་བའི་ཉེན་ཁའི་སྤོ་སྒྱུར་བགྲོད་ལམ་ལ་ཚད་མཐོའི་མཐོང་ཆེན་དང་དུས་ཐོག་ཏུ་བཀག་འགོག་བྱས་ཏེ། ཁྱབ་ཁོངས་ཁག་གི་ཉེན་ཁ་ཕན་ཚུན་འགོས་པར་སྔོན་འགོག་དང་། སྤྱི་པའི་རང་བཞིན་མིན་པའི་ཉེན་ཁ་དེ་སྤྱི་པའི་རང་བཞིན་གྱི་ཉེན་ཁར་རྒྱ་སྐྱེད་འབྱུང་བ་དང་ཆབ་སྲིད་རང་བཞིན་གྱི་ཉེན་ཁ་མིན་པ་དེ་ཆབ་སྲིད་ཀྱི་ཉེན་ཁར་མཆེད་པར་སྔོན་འགོག་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་བཏང་ནས་རལ་གྲི་འཕྱར་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་བྱས་ཏེ། དགྲ་བོའི་གནས་ཚུལ་ཚོར་མི་ཐུབ་པ་དང་། ཡིན་མིན་གསལ་འབྱེད་བྱེད་མི་ཐུབ་པ། ཁ་ཕྱོགས་གསལ་པོ་ཤེས་མི་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་སྦྲིད་ནད་མཐའ་གཅིག་ཏུ་སྔོན་འགོག་དང་སེལ་ཐབས་བྱེད་དགོས།

དྲུག་པ། ཆབ་སྲིད་ཀྱི་རང་གཤིས་གཏན་སྲུང་བྱེད་དགོས། ཉེ་ཆར་ཞིབ་བཤེར་ཐག་གཅོད་བྱས་པའི་རུལ་སུངས་ཀྱི་གྱོད་གཞི་ཧ་ཅང་མང་པོ་ཞིག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང་ཐ་ན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་བྱུང་བ་རེད། ཏང་ཀྲུང་དབྱང་གིས་བཀའ་འབེབས་གསལ་བསྒྲགས་ཡང་ཡང་བྱས་ཀྱང་། ལས་བྱེད་པ་ཁ་ཤས་ཀྱིས་སྔར་བཞིན་མཚམས་མི་འཇོག་པ་དང་། མགོ་བདེ་གླགས་འཚོལ་བྱེད་པ། བསམ་བཞིན་དུ་ཉེས་དོན་བཟོ་བ་བཅས་བྱེད་ཀྱི་ཡོད། དེའི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལྡན་ལ་རྙོག་འཛིང་ཆེ་བས། ཟིལ་གནོན་རང་བཞིན་གྱི་རྣམ་པ་སྲ་བརྟན་དུ་གཏོང་བ་དང་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཆོད་སེམས་ངེས་པར་དུ་རྡོ་རྗེ་ཕ་ལམ་བཞིན་སྲ་བརྟན་ཡིན་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ངེས་པར་དུ་ནམ་ཡང་ལམ་ཐོག་ན་ཡོད་པའི་བློ་བརྟན་འགྱུར་མེད་སྒོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་རང་རེའི་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་ཁ་དོག་ནམ་ཡང་མི་འགྱུར་བ་བྱེད་དགོས།

མཐོ་གནོན་གྱི་རྣམ་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ཅིང་། བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་སྤུ་ཙམ་མེད་པ་བཅས་མཐའ་འཁྱོངས་བྱེད་ལ། བཀག་སྡོམ་ལ་སྣང་ཆེན་དང་། མཐོ་གནོན་ལ་ཤུགས་སྣོན། ཡུན་རིང་འཇིགས་ཟིལ་སྟོན་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་པ་མཉམ་དུ་ཞིབ་བཤེར་བྱེད་རྒྱུ་མཐའ་འཁྱོངས་བྱེད་ཅིང་། ཏང་ནང་ཁུལ་དུ་ཁེ་ཕན་ཚོགས་པ་ཆགས་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཁེ་ཕན་ཚོགས་པ་སྣ་ཚོགས་ཀྱིས་འགོ་ཁྲིད་ལས་བྱེད་པ་“སྐོར་རྔོན་རྒྱག་པ་”དང་བཙན་ཁྲིད་བྱེད་པར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཀུན་སྤྱོད་བཟང་པོ་གསལ་རྟོགས་དང་། སྤྱི་པའི་སྤྱོད་བཟང་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པོ་བཅས་བྱས་ནས་སྤྱོད་གཙང་རང་གཅུན་དང་། སྤྱོད་གཙང་དབང་སྤྱོད། སྤྱོད་གཙང་ཁྱིམ་སྐྱོང་བཅས་ཀྱི་མིག་དཔེ་བྱེད་དགོས། ལྟ་སྐུལ་གྱི་“རྙི་རྒྱ་”ཚགས་དམ་པོར་བཟོ་བ་དང་། ལམ་ལུགས་ཀྱི་ར་བ་སྲ་བརྟན་དུ་བཏང་ནས་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་རྒྱ་མཆེད་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་ལས་བྱེད་པ་གཞུང་དྲང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་རྣམ་དག་བཅས་ཉེ་འགྲམ་དུ་ཡོད་པ་དང་མིག་མདུན་དུ་ཡོད་པ་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས།

བདུན་པ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐོག་དོན་འཁྱོལ་བྱེད་པར་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཁ་ཕྱོགས་སྟངས་འཛིན་དང་། འཕེལ་ཕྱོགས་སྟངས་འཛིན། ཁྱོན་ཡོངས་སྟངས་འཛིན་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་བདེན་རྫུན་དབྱེ་བ་དང་། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཆབ་སྲིད་ཀྱི་རྣམ་པ་ཁ་ལོ་སྒྱུར་བ། ཆབ་སྲིད་ཀྱི་ཉེན་ཁར་དོགས་ཟོན་བྱེད་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ནི་ཆབ་སྲིད་ཀྱི་ཐོག་ནས་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་མཁས་པོ་དགོས་པ་དེ་རེད། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་དབྱེ་ཞིབ་བྱས་ན་གཞི་ནས་ངོ་བོ་གསལ་པོར་རྟོགས་ཐུབ་པ་དང་། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ཐག་གཅོད་བྱེད་ཐུབ་ན་གཞི་ནས་རྩ་བ་དམ་འཛིན་བྱེད་ཐུབ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཐད་ཀྱི་ཤེས་རབ་ཀྱི་སྤྱན་ཟུང་སྦྱངས་ཏེ། ཆར་སྤྲིན་གྱིས་མིག་སྒྲིབ་པར་མི་འཛེམ་པར་ཏང་དང་མི་དམངས་ཀྱིས་སྤྲད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས།

རྟ་མགྲིན་སྐྱབས་ཀྱིས་བསྒྱུར།