རེབ་གོང་རིག་གནས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་གྲས་སུ་ཚུད་པ།


ཉེ་ལམ། རིག་གནས་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་གྲོས་འགོ་བཏོན་པའི་མིང་ཐོ་ཁྱབ་སྒྲོག་བྱས་པའི་ནང་། རང་རེའི་ཞིང་ཆེན་གྱི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་མིང་ཐོ་དེའི་ཁྲོད་ཚུད་ཡོད་པ་རེད། 


ཤེས་གསལ་ལྟར་ན། ཐེངས་འདིར་ཁྱབ་སྒྲོག་བྱས་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་བདུན་ཡོད་ཅིང་། སོ་སོ་མེན་ནན་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་། ཧུའེ་ཀྲོའུ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་སོགས་རེད། 《རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་བྱེད་ཐབས》གཞིར་བཟུང་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ལ་སྙན་ཞུ་རྒྱག་དགོས་ན། རིག་གནས་སྐྱེ་ཁམས་ཀྱི་ཁྱབ་ཁོངས་ཧྲིལ་པོར་སྲུང་སྐྱོབ་བྱ་བའི་རྨང་གཞི་ལེགས་པོ་ལྡན་དགོས་པ་མ་ཟད། ཞིང་ཆེན(ཆུས་དང་གྲོང་ཁྱེར)ནང་ཁུལ་དུ་རིག་གནས་སྐྱེ་ཁམས་ཁྱབ་ཁོངས་ཧྲིལ་པོ་སྲུང་སྐྱོབ་ལག་བསྟར་བྱས་ནས་ལོ་གཉིས་ཡན་འགོར་ཞིང་ཕན་འབྲས་མངོན་གསལ་བླངས་ཡོད་པའི་ཆ་རྐྱེན་སོགས་ལྡན་དགོས་པ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། ད་སྔ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དུ་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་ལས་གཞི322ཡོད་ཅིང་། ཆོག་མཆན་སྤྲད་ནས་བཙུགས་པའི་མངོན་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་ལྟེ་གནས47ཡོད་པ་དང་། རྒྱུད་འཛིན་བྱེད་སའི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི2ལྷག་ཟིན་ཡོད། ད་ལྟ་རེབ་གོང་རིག་གནས་སྒྱུ་རྩལ་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་ཚོགས་པའི་མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ་དང་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་སྐོར་ཁག་དང་པོའི་ཁྲོད་ཚུད་ཡོད་ཟེར།

སྲུང་སྐྱོབ་ཁུལ་བསྐྲུན་པ་ནས་བཟུང་། རྨ་ལྷོ་ས་ཁུལ་གྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་དཔུང་སྡེ་ཇེ་ཆེར་ཕྱིན། ནང་སྒོས་སུ་བོད་ཀྱི་ལྷ་མོའི་ཟློས་གར་དང་། རྡོ་བརྐོས་རི་མོ། གཙག་དྲུབས། ལྡེར་བཟོ། རེབ་གོང་དྲུག་པའི་ཀླུ་རོལ་སོགས་ཉམས་ཉེན་ཆེ་བའི་མངོན་མིན་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་ཁུལ་གྱིས་མ་དངུལ་ཐད་ནས་རོགས་སྐྱོར་བྱས་ཏེ། རྒྱུད་འཛིན་དར་སྤེལ་བྱ་ཡུལ་དང་། རིག་གནས་འཇོན་མི་སྐྱེད་སྲིང་གི་བྱེད་ཐབས་སོགས་ལག་བསྟར་བྱས་ནས་མངོན་མིན་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཤུགས་བསྣན་པས། དབུལ་པོ་རྣམས་ལ་ལས་ཞུགས་འབབ་འཕར་གྱི་གོ་སྐབས་བསྐྲུན་པ་མ་ཟད། རེབ་གོང་རིག་གནས་ཡུལ་སྐོར་གྱི་ཁྲོམ་ར་ཡང་ཇེ་ཆེར་ཇེ་རྒྱས་སུ་བཏང་ཡོད་པ་རེད།

ཤེས་གསལ་ལྟར་ན། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་གོ་རིམ་ཁྲོད། རང་རེའི་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་སློབ་སྟོན་བསམ་འཆར》བཏོན་པ་མ་ཟད། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཧྲིལ་པོར་སྲུང་སྐྱོབ་བྱེད་པ་དམིགས་སུ་བཟུང་སྟེ། ས་ཁོངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་དང་། མི་རིགས་ཁྱད་ཆོས་གཟེངས་སུ་ཐོན་པའི་རིག་གནས་ཐོན་ཁུངས་བེད་སྤྱོད་ལ་ཤུགས་བསྣན་ནས་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་བཟོས་པ་རེད།

ཁོན་ཐར་འཚོས་བསྒྱུར།