མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་གསུམ་ལ་རྒྱལ་ཁབ་རིམ་པའི“སྣོད་བཅུད་སློབ་གསོའི་རྟེན་གཞི”ཡི་སྒོ་བྱང་སྤྲད་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12ཚེས12ཉིན། ཟི་ལིང་གྲོང་ཁྱེར་དུ་ཀྲུང་གོའི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨན་ཀོང་གིས་མཚོ་སྔོན་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་དོ་དམ་ཅུས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམེ་ཤུལ་ནགས་ར། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་བྱང་རིའི་ནགས་ར་བཅས་ལ“སྣོད་བཅུད་སློབ་གསོའི་རྟེན་གཞི”ཞེས་པའི་སྒོ་བྱང་སྤྲད།

གསར་འགོད་པས་ཤེས་གསལ་ལྟར་ན། སྣོད་བཅུད་དཔལ་ཡོན་སློབ་གསོ་ལ་སྐུལ་སྤེལ་ཡག་པོ་དང་། རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་གཞོན་ནུ་ལོ་ཆུང་གིས་རང་བྱུང་ཁམས་ཀྱི་སྣོད་བཅུད་སློབ་གསོ་ལག་ལེན་ལ་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོའི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཚན་ཞིབ་དང་། སློབ་གསོ་བཅས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་ཐོག་རྒྱལ་ཡོངས་སྣོད་བཅུད་སློབ་གསོ་མནའ་འབྲེལ་ཚོགས་པ་བཙུགས། དེ་ནི་མཐུན་སྒྲིལ་ཐོག་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། གཞོན་ནུ་ལོ་ཆུང་གི་ཁྲོད་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་ནས། སློབ་མའི་རང་བདག་གི་ཤེས་རྟོགས་དང་རྒྱུས་ལོན་ལ་ཁྲིད་སྟོན་ཡག་པོ་དང་། རང་གི་ཚེ་སྲོག་བཞིན་སྣོད་བཅུད་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པའི་འདུ་ཤེས་དང་། “རི་ཆུ་སྔོ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”པའི་བསམ་བློ་མེས་རྒྱལ་གྱི་ག་ས་གང་དུ་ཅི་དགར་ངོམ་སྟེ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་དགེ་མཚན་འདོན་སྤེལ་དང་། སློབ་གསོའི་ཐོན་ཁུངས་ལེགས་སྒྱུར། མཉམ་ཞུགས་དང་ཐོན་ཁུངས་མཉམ་སྤྱོད་རྒྱུན་འཁྱོངས། ཁོངས་གཏོགས་ལས་ཁུངས་བར་གྱི་བརྗེ་སྤེལ་མཉམ་ལས་ལ་སྐུལ་འདེད་བཅས་གཏང་ཆེད་བཙུགས་པ་ཞིག་རེད།

མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་མཐུན་ཚོགས་ཀྱི་འོས་སྦྱོར་བརྒྱུད། ཀྲུང་གོའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་མཐུན་ཚོགས་ཀྱིས་རྟོག་ཞིབ་ཚོ་ཆུང་ཡུལ་དངོས་སུ་མངགས་ཏེ། རྟོག་ཞིབ་བྱ་ཡུལ་རྟེན་གཞི་རུ་སྣོད་བཅུད་སློབ་གསོ་སྤེལ་བའི་རྨང་གཞིའི་ཆ་རྐྱེན་ཚང་མིན་ཐད་ལ་རྟོག་ཞིབ་བྱས་པར་རྒྱལ་ཡོངས་སྣོད་བཅུད་སློབ་གསོ་མནའ་འབྲེལ་ཆེད་མཁས་ཚན་ཆུང་གིས་དཔྱད་ཞིབ་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་མདོ་ལོ་རིང་མོའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། རྨ་ལྷོ་ཁུལ་དམེ་ཤུལ་ནགས་ར། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་བྱང་རིའི་ནགས་ར་བཅས་སུ“ཀྲུང་གོའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མཐུན་ཚོགས་སྣོད་བཅུད་སློབ་གསོ་རྟེན་གཞི”འཛུགས་པའི་སྙན་ཞུ་ལ་འཐད་པ་བྱུང་བ་རེད།

ཝང་ཨན་ཀོང་གིས་སྒོ་བྱང་སྤྲོད་པའི་མཛད་སྒོའི་ཐོག རང་རེའི་ཞིང་ཆེན་གྱིས“རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན”གྱི་གོམ་ཁ་ཇེ་མགྱོགས་དང་བསྟུན་ནས་མཚོ་སྔོན་ཉིད“ཀྲུང་གོའི་སྣོད་བཅུད་སྲུང་སྐྱོང་གི་མཐོ་ས ”དང“ཀྲུང་གོའི་སྣོད་བཅུད་ཚན་ཞིབ་ཀྱི་མཐོ་ས”“ཀྲུང་གོའི་སྣོད་བཅུད་རིག་གནས་ཀྱི་མཐོ་ས”རུ་གྱུར་ཡོད་པས། སྣོད་བཅུད་ཀྱི་ལས་ཡག་པོ་བསྒྲུབ་རྒྱུ་ནི་མཚོ་སྔོན་ཉིད་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་བསྐྱོད་པའི་ལམ་མཆོག་ཅིག་ཡིན་ལ། ཀྲུང་གོའི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་ཀྱི“སྣོད་བཅུད་སློབ་གསོ་རྟེན་གཞི”ཡི“སྒོ་བྱང”འདི་ཐོབ་མཁན་གྱི་ལས་ཁུངས་གསུམ་ལ་མཚོན་ན། སྣོད་བཅུད་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པོ་ཡོད་ལ། ཚང་མ་ས་ཁོངས་དེའི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི“སྣེ་འཁྲིད་པ”ཡིན། དེ་བས། ལས་ཁུངས་འདི་གསུམ་གྱིས་དེང་ཕྱིན་གྱི་སྣོད་བཅུད་སློབ་གསོའི་མངའ་ཁོངས་ནས་འཕེལ་རྒྱས་བར་སྟོང་སྔར་བས་རྒྱ་བསྐྱེད་དང་། རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཕྱོགས་ལ་སྣོད་བཅུད་སློབ་གསོའི་དཔེ་སྟོན་དང་འཁྲིད་སྟོན་གྱི་ནུས་པ་འདོན་ཐུབ་རྒྱུ་ནི་ལས་ཁུངས་འདི་གསུམ་ལ་བཅངས་པའི་རེ་བ་ཡིན་ཞེས་བརྗོད།

ཁོན་ཐར་འཚོས་བསྒྱུར།