མཚོ་སྲིད་གཞུང་ལས་ཐིན﹝2019﹞ཨང105བ།

མཚོ་སྲིད་གཞུང་ལས་ཐིན﹝2019﹞ཨང105བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་སོགས་སྡེ་ཁག་གི་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་མྱུར་བར་ཚུལ་སྒྱུར་རིམ་སྤར་བྱས་ནས་སྤུས་ལེགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར་བརྒྱུད་སྤེལ་བྱས་པའི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཀྱི《མཚོ་སྔོན་ཞིང་ཆེན་གྱི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་མྱུར་བར་ཚུལ་སྒྱུར་རིམ་སྤར་བྱས་ནས་སྤུས་ལེགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་ཞིང་། ད་ལྟ་ཁྱོད་ཚོར་བརྒྱུད་སྤེལ་བྱས་པ་བཞིན་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱ་དགོས། 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2019ལོའི་ཟླ9བའི་ཚེས16ཉིན།

མཚོ་སྔོན་ཞིང་ཆེན་གྱི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་མྱུར་བར་ཚུལ་སྒྱུར་རིམ་སྤར་བྱས་ནས་སྤུས་ལེགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཁག་གི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་མྱུར་བར་ཚུལ་སྒྱུར་རིམ་སྤར་བྱས་ནས་སྤུས་ལེགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》(རྒྱལ་གཞུང་སྤེལ﹝2019﹞ཨང16པ།)གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རང་ཞིང་གི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་ཚུལ་སྒྱུར་རིམ་སྤར་བྱེད་པར་མྱུར་བར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་ཁོར་ཡུག་ངེས་པ་དོན་གྱིས་ལེགས་སྒྱུར་དང་ཕྱོགས་བསྡུས་ཀྱི་སྐྱེལ་འདྲེན་ལས་ཕྱོད་ཇེ་མཐོར་བཏང་སྟེ། ཟོང་འདྲེན་ལས་རིགས་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་ཆེད། དོན་དངོས་དང་སྦྲེལ་ཏེ་ལག་བསྟར་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ། 

(གཅིག) མཛུབ་སྟོན་བསམ་བློ། 

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བ། དྲུག་པ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་ནས་ལག་བསྟར་དོན་འཁྱོལ་བྱེད་ཅིང་། “འཐབ་ཇུས་བཞི་ཅན་ལྔ”གཏིང་ཟབ་ཏུ་ལག་བསྟར་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཐོག འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་སྒྱུར་བཅོས་དེ་བྱེད་ཕྱོགས་གཙོ་བོར་བཟུང་སྟེ། བདེ་འཇགས་བརྟན་བརླིང་དང་གྲོན་ཆུང་ཕན་ཆེ། ལྗང་མདོག་ཐཱན་ཉུང་བཅས་ཀྱི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཞབས་ཕྱིའི་མ་ལག་མྱུར་བར་བསྐྲུན་ནས། རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་སྐྱོན་བྲལ་དང་བརྟན་བརླིང་། སྤུས་ལེགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། 

(གཉིས།) གཞི་རྩའི་རྩ་དོན། 

སྲིད་གཞུང་གིས་ཁྲིད་སྟོན་དང་ཁྲོམ་རས་གཙོ་ཁྲིད་བྱ་དགོས། སྲིད་གཞུང་གིས་ཁྲིད་སྟོན་དང་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། མཉམ་འབྲེལ་གྱིས་དངོས་ཟོང་འདྲེན་སྟངས་སྣ་མང་དཔེ་སྟོན་ལས་གྲྭ་དང་གྲོང་ཁྱེར་གྱི་ལྗང་མདོག་སྡེབ་སྐྱེལ་དཔེ་སྟོན་ལས་གཞི། རླངས་འཁོར་མེད་པའི་ཟོང་འདྲེན་འགན་ལེན་པ་ཚོད་ལྟའི་གནས་སོགས་ཟོང་འདྲེན་གྱི་ལས་རྣམ་གསར་བར་སྲིད་ཇུས་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ངེས་གཏན་ནུས་པ་རྒྱུན་འཁྱོངས་དང་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁེ་ལས་ཀྱི་རང་སྟོབས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག རྒྱ་ལམ་སྟེང་ཟོང་འདྲེན་པའི་ཞབས་ཕྱི་སྒྲུབ་སྟངས་ཧུར་ཐག་གིས་འཚོལ་ཞིབ་ཁྲོད་གསར་གཏོད་བྱས་ཏེ། རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་སྤུས་ལེགས་ངང་འཕེལ་རྒྱས་སུ་འགྲོ་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

ཐོན་ཁུངས་སྡེབ་སྒྲིག་དང་ལེགས་ཆ་མཉམ་འདྲེས་ཡོང་བར་བྱ་དགོས། སྡེ་ཁག་མང་པོས་མཉམ་དུ་རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་བྱ་བའི་རྐྱེན་སྲོལ་གསར་བ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་གོང་དུ་སྤེལ་ཁྲོད་ཀྱི་སྡེ་ཁག་སོ་སོའི་རྨང་གཞིའི་ཆ་རྐྱེན་དང་ལེགས་ཆར་བརྟེན་ནས་ཐོན་ཁུངས་སྡེབ་སྒྲིག་མཉམ་སྤྱོད་དང་མཉམ་ལས་མཉམ་བཅོས་བྱེད་ཐད་ལ་ཤུགས་བསྣན་ཏེ། རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་སུ་འཇུག་དགོས། 

སྔོན་ལ་ཚོད་ལྟ་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་དགོས། ས་ཁུལ་སོ་སོའི་རྨང་གཞི་དང་ཆ་རྐྱེན་མི་འདྲ་བར་གཞིགས་ཏེ་ཡུལ་བབ་དང་བསྟུན་ནས་ཚོད་ལྟའི་བྱ་བའི་ཁྱབ་ཁོངས་དང་སྐུལ་འདེད་ཀྱི་ཐབས་ལམ་བདམས་ཏེ། ཁྱད་པར་ཅན་དང་སྣ་མང་ཅན་གྱི་ཟོང་འདྲེན་རྩ་འཛུགས་བྱེད་སྟངས་འཚོལ་ཞིབ་ཁྲོད་འཕེལ་རྒྱས་སུ་གཏང་དགོས། “ཁ་ལོ་བའི་གཞིས་ཁྱིམ”དང“སྦྲེལ་དྲ+འགྲིམ་འགྲུལ་ཟོང་སྐྱེལ”། “མྱུར་ལམ་གྱི་ཁྱད་ཕྱེའི་ལམ་རིན་བསྡུ་ལེན”བཅས་ཚོད་ལྟའི་དཔེ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཉམས་མྱོང་བསགས་ཏེ་སྲིད་ཇུས་ཀྱི་མ་ལག་དང་ལམ་ལུགས་ཚད་གཞི་འཐུས་ཚང་དུ་བཏང་ནས། གནས་གཅིག་གིས་ཕྱོགས་ཡོངས་ཁྲིད་དེ་སྐུལ་སྤེལ་གྱི་ཁྱབ་ཁོངས་རིམ་བཞིན་རྒྱ་བསྐྱེད་དགོས། 

(གསུམ།) འཕེལ་རྒྱས་དམིགས་འབེན། 
      ལོ3ནས་ལོ5ཡི་རིང་ལ་འབད་བརྩོན་བྱས་པ་བརྒྱུད་དེ་སྣེ་ཁྲིད་རྐང་འཛིན་ཁེ་ལས་སྐོར་ཞིག་རྒྱ་ཆེན་སྟོབས་ཆེན་དུ་གསོ་སྐྱོང་བྱེད་པ་དང་། སྐྱེལ་འདྲེན་རྩ་འཛུགས་བྱེད་སྟངས་མྱུར་བར་གསར་གཏོད་བྱས་ཐོག ཁེ་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པར་རྒྱབ་སྐྱོར་དང་། སྐྱེལ་འདྲེན་ལས་ཕྱོད་དང་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་ཚད་མཐོན་པོ་འགྲོ་བར་སྐུལ་འདེད་བཏང་སྟེ། ལས་རིགས་ཚུལ་སྒྱུར་རིམ་སྤར་ཐད་ནས་འགག་སྒོ་གཏོར་དགོས། ཁྲིམས་དང་འགལ་ཞིང་ཁ་དན་ཚིག་ལ་མི་གནས་པའི་གཉེར་སྐྱོང་མཁན་ལ་ལྟ་སྐུལ་དོ་དམ་དང་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཇེ་ཆེར་བཏང་ནས། “རྩ་འཛུགས་སྔོན་ཐོན་དང་འབྲེལ་མཐུད་ཐོགས་མེད། བདེ་འཇགས་བརྟན་བརླིང་། གྲོན་ཆུང་ཕན་ཆེ། ལྗང་མདོག་ཐཱན་ཉུང”བཅས་ཀྱི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཞབས་ཕྱིའི་མ་ལག་རགས་ཙམ་ཆགས་སུ་འཇུག་དགོས། 
    གཉིས། ལས་འགན་གཙོ་བོ། 
   (གཅིག) ཟོང་འདྲེན་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས་གསུམ”བཅོས་སྒྱུར་ཟབ་མོ་བྱ་དགོས། 
    1.ཟོང་འཁོར་ལ་ཞིབ་བཤེར་ཚད་འཇལ་བྱེད་སྟངས་ལེགས་སྒྱུར་བྱ་དགོས། ཟོང་འཁོར་དཀྱུས་མར་ཞིང་ཆེན་གཞན་དུ་བདེ་འཇགས་ལག་རྩལ་ཞིབ་བཤེར་དང་། མཇུག་རླངས་འབུད་ཚད་ཞིབ་བཤེར། ཕྱོགས་བསྡུས་གཤིས་ནུས་བཤེར་འཇལ་བཅས་བྱེད་པའི་འབྲེལ་ཡོད་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཞིབ་བཤེར་ཚད་འཇལ་གྱི་དུས་འཁོར་གཅིག་གྱུར་བྱེད་ཅིང་། ཐེངས་གཅིག་གིས་དྲ་ཐོག་ཏུ་འཇུག་པ་དང་ཞིབ་བཤེར་བྱེད་པ། གྲོན་དངུལ་བསྡུ་བ། རླངས་འཁོར་ལ་ཞིབ་བཤེར་ཚད་འཇལ་གྱི་ཡི་གེ་སྟེར་བ་བཅས་ཚད་ལྡན་དུ་གཏང་དགོས། སྐྱེལ་འདྲེན་ལས་སྒོའི་ཆ་འཕྲིན་མ་ལག་སོགས་དམངས་ལ་སྟབས་བདེ་བཟོ་བའི་ལས་སྟེགས་ཀྱི་རྩོལ་ནུས་ལེགས་སྒྱུར་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ཟོང་འཁོར་དཀྱུས་མར་ཞིབ་བཤེར་ཚད་འཇལ་གྱི་ཆ་འཕྲིན་སྤེལ་རེས་དང་མཉམ་སྤྱོད་བྱེད་ཤུགས་ཇེ་ཆེར་གཏང་དགོས། 2019ལོའི་ལོ་མཇུག་གི་སྔོན་ལ་ཟོང་འཁོར་དཀྱུས་མར་དྲ་ཐོག་ཏུ་ལོ་འཁོར་གྱི་ཞིབ་བཤེར་རྩིས་ལེན་གྱི་འགྲོ་ལུགས་སྒྲུབ་པ་དང་། དངོས་ཟོང་དཀྱུས་མ་དང་ཉེན་ཆེ་བ་འདྲེན་པའི་རླངས་འཁོར་གྱི་རྒྱ་ལམ་སྟེང་ཟོང་འདྲེན་ལག་ཁྱེར་གསབ་སྤྲོད་དང་བརྗེ་སྤྲོད། ཐོ་སུབ་པ་དང་ལས་གཉེར་ཐོབ་ཐང་ལག་ཁྱེར་རེ་ཞུ་སྒྲུབ་ལེན་བཅས་ཀྱི་འགྲོ་ལུགས་དྲ་ཐོག་ཏུ་བསྒྲུབ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་བཅས་དང་། གཞོགས་འདེགས་བྱེད་མཁན་སྡེ་ཚན་ནི། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

2.ཁྲོམ་རར་ཞུགས་བདེ་བར་བཟོ་བ་དང་། གཉེར་སྐྱོང་ཞབས་ཕྱིའི་རང་བཞིན་གྱི་གྲོན་དངུལ་བསྡུ་ལེན་དང་གནས་ཐང་འཕར་ཁྲལ་གྱི་བཙོངས་འཛིན་དོ་དམ་བྱེད་ཚུལ་ཚད་ལྡན་དུ་གཏང་དགོས།རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁེ་ལས་ཐོ་འགོད་དང་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ལེན་པའི་འགྲོ་ལུགས་དང་ལས་རིམ་ཇེ་ལེགས་སུ་བཏང་ནས། རྒྱ་ལམ་སྟེང་ཟོང་འདྲེན་གཉེར་སྐྱོང་ཆོག་འཐུས་ཐོབ་པའི་དངོས་ཟོང་དཀྱུས་མ་སྐྱེལ་འདྲེན་ཁེ་ལས་ཀྱིས་ཡན་ལག་ལས་ཁུངས་སྒྲིག་འཛུགས་དང་གཉེར་སྐྱོང་དྲ་ཚིགས་སྣོན་འཛུགས་བྱེད་པའི་ལས་གཉེར་ལག་ཁྱེར་བླངས་རྗེས་སྙན་སེང་ཐོ་འགོད་ཀྱི་འགྲོ་ལུགས་ཡང་བསྐྱར་སྒྲུབ་མི་དགོས། དྲ་སྦྲེལ་ཟོང་སྐྱེལ་ལས་སྟེགས་ཁེ་ལས་ཀྱིས་གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཡིག་འདོན་པའི་ཚོད་ལྟའི་བྱ་བ་གཏན་འབེབས་ལྟར་བསྒྲུབ་དགོས། འབབ་ཚིགས་དང་གཉེར་སྐྱོང་ཐོན་སྐྱེད་ཁྲོད་དུ་རྒྱ་ལམ་སྟེང་ཟོང་འདྲེན་དང་འབྲེལ་བའི་གཉེར་སྐྱོང་ཞབས་ཕྱིའི་རང་བཞིན་གྱི་གྲོན་དངུལ་བསྡུ་ཚུལ་ཚད་ལྡན་དུ་བཏང་སྟེ། གྲོན་དངུལ་གཞན་པ་གང་ཡང་སྒྲིག་འགལ་གྱིས་སྣོན་བསྡུ་བྱ་མི་ཆོག (འགན་འཁུར་མཁན་སྡེ་ཚན་ནི། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

3. ཉེན་ཆེའི་དངོས་ཟོང་སྐྱེལ་འདྲེན་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། རྒྱ་ལམ་སྟེང་ཉེན་ཆེའི་དངོས་ཟོང་འདྲེན་པའི་ཁེ་ལས་དང་རླངས་འཁོར། ལས་གཉེར་མི་སྣ་བཅས་ཀྱི་ཐོབ་ཐང་ཆོག་འཐུས་གཟབ་ནན་བྱེད་པ་དང་། རྒྱལ་ཁབ་ཀྱི་ཉེན་ཆེའི་དངོས་ཟོང་སྐྱེལ་འདྲེན་གྱི་བདེ་འཇགས་དོ་དམ་སྐོར་གྱི་འབྲེལ་ཡོད་བླང་བྱ་གཟབ་ནན་སྒོས་དོན་འཁྱོལ་བྱ་དགོས། ཉེན་ཆེའི་རྫས་འགྱུར་དངོས་པོ་ཐོན་སྐྱེད་དང་གསོག་ཉར། ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་པའི་ཁེ་ལས་ཀྱི་མགོ་ཁུངས་ལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས། ཉེན་ཆེའི་རྫས་འགྱུར་དངོས་པོ་ཐུམ་རྒྱག་དང་འདོན་འཇུག་སོགས་ལྷུ་ཚིགས་གཙོ་བོའི་བདེ་འཇགས་སྲུང་ཐབས་དོན་འཁྱོལ་ནན་མོ་བྱ་དགོས། སྐྱེལ་དངོས་བཅོལ་མཁན་དང་སྐྱེལ་འདྲེན་བྱེད་མཁན། དངོས་ཟོང་རྩིས་ལེན་བྱེད་མཁན་བཅས་ལ་ལྷུ་ཚིགས་སོ་སོའི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། ཉེན་ཆེའི་དངོས་ཟོང་སྐྱེལ་འདྲེན་གྱི་གློག་རྡུལ་སྐྱེལ་འདྲེན་འཛིན་ཡིག་བེད་སྤྱོད་དང་རླངས་འཁོར་ལ་འགུལ་རྣམ་ལྟར་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏང་དགོས། ཚད་བཀག་དམ་བླུགས་ཏན་རླངས་དང་དབྱང་གཉིས་ཐཱན་འགྱུར་སོགས་ཉེན་ཆུང་རླངས་གཟུགས་རྒྱ་ལམ་སྟེང་སྐྱེལ་འདྲེན་ཐད་ཀྱི་ཁྲིམས་སྒོ་རང་བཙན་གྱི་ལམ་ལུགས་ལག་བསྟར་བྱ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་སྤྱི་བདེ་ཐིན་བཅས་དང་། གཞོགས་འདེགས་བྱེད་མཁན་སྡེ་ཚན་ནི། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

4. གྲོང་ཁྱེར་གྱི་སྡེབ་སྐྱེལ་རླངས་འཁོར་ཤར་བགྲོད་ལེགས་པོ་ཐུབ་པར་བྱ་དགོས། གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་སྡེབ་སྐྱེལ་ནུས་ཤུགས་དགོས་མཁོར་དོ་དམ་དང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་ཤར་བགྲོད་དོ་དམ་ཚོད་འཛིན་མཉམ་འགུལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། རླངས་འཁོར་ཤར་བགྲོད་ལ་དོ་དམ་དང་ཚོད་འཛིན་ལེགས་པོ་བྱ་དགོས། གྲོང་ཁྱེར་གྱི་སྡེབ་སྐྱེལ་རླངས་འཁོར་གྱི་གཅིག་གྱུར་མཚོན་རྟགས་དང་། ཚད་ལྡན་རླངས་འཁོར་བཀོལ་སྤྱོད། རླངས་འཁོར་ཤར་བགྲོད། སྡོད་འཇོག འདོན་འཇུག་སོགས་ལ་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཐབས་ཞིབ་འཇུག་བྱས་ནས་དོན་འཁྱོལ་བྱ་དགོས། ཚད་གཞི་དང་མཐུན་པའི་ནུས་ཁུངས་གསར་བའི་གྲོང་ཁྱེར་གྱི་སྡེབ་སྐྱེལ་རླངས་འཁོར་ཤར་བགྲོད་ལ་སྟབས་བདེ་བཟོ་དགོས་ཤིང་། དམིགས་བསལ་ས་ཁོངས་ལས་གཞན་གློག་སྒུལ་ཤ་སྟག་གི་ཟོང་འཁོར་ལ་རྩ་དོན་ཐོག་ཏུ་ཤར་བགྲོད་ཚོད་འཛིན་བྱ་མི་ཆོག (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཚོང་དོན་ཐིན་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

5.ཟོང་འཁོར་སྐྱོད་མཚམས་མི་འཇོག་པར་ལམ་རིན་བསྡུ་བའི་མ་ལག་མྱུར་བར་བཀོལ་སྤྱོད་བྱ་དགོས།ཟོང་འཁོར་སྐྱོད་མཚམས་མི་འཇོག་པར་གློག་རྡུལ་གྱི་ལམ་རིན་བསྡུ་བའི་མ་ལག(ETC)གི་ལག་དངུལ་མིན་པའི་ལམ་རིན་སྤྲོད་སྟངས་སམ་སྒུལ་བདེའི་སྤྲོད་སྟངས་གཞན་དག་རྒྱ་ཁྱབ་ཏུ་བེད་སྤྱོད་པ་དང་། ETCཡི་ལག་དངུལ་མིན་པའི་ལམ་རིན་སྤྲོད་སྟངས་སམ་སྒུལ་བདེའི་སྤྲོད་སྟངས་གཞན་དག་སྤྱོད་པ་མ་ཟད། འབྲེལ་ཡོད་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དང་མཐུན་པའི་ཟོང་འཁོར་ལ་ཤར་བགྲོད་ལམ་རིན་འོས་འཚམ་གྱིས་ཇེ་བདེར་གཏང་དགོས། མྱུར་ལམ་གྱི་ཁྱད་ཕྱེའི་ལམ་རིན་བསྡུ་བའི་སྲིད་ཇུས་ཁེབས་རྒྱ་སྔར་ལས་ཆེ་རུ་བསྐྱེད་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ཡིན།)

(གཉིས།) སྒུལ་ནུས་གསར་རྙིང་སྦྲེལ་མཐུད་བརྗེ་སྒྱུར་བྱེད་པར་སྐུལ་འདེད་གཏང་དགོས།

6. སྐྱེལ་འདྲེན་རྩ་འཛུགས་བྱེད་སྟངས་སྔོན་ཐོན་ཅན་མྱུར་བར་གསོ་སྐྱོང་བྱ་དགོས།མཉམ་འབྲེལ་གྱིས་དངོས་ཟོང་འདྲེན་སྟངས་སྣ་མང་དཔེ་སྟོན་ལས་གྲྭ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་དཔེ་སྟོན་ལས་གྲྭ། གྲོང་ཁྱེར་གྱི་ལྗང་མདོག་ཟོང་འདྲེན་སྡེབ་སྐྱེལ་དཔེ་སྟོན་ལས་གྲྭ་བཅས་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། སྐྱེལ་འདྲེན་རྩ་འཛུགས་སྔོན་ཐོན་ཅན་རྒྱ་ཁྱབ་ཏུ་བེད་སྤྱོད་བྱ་དགོས། ལས་རིགས་མཐུན་ཚོགས་དང་ཁེ་ལས་མནའ་འབྲེལ་གྱིས་འདྲུད་འཁོར་ཕན་ཚུན་བརྗེ་རེས་ཀྱི་ཚད་གཞི་ཞིབ་འཇུག་བྱས་ཏེ་ཁྱབ་གདལ་གཏོང་བར་མཛུབ་སྟོན་བྱེད་པ་དང་། ཟོང་འཁོར་དཀྱུས་མ་བོགས་མར་གཏོང་ལེན་དང་འདྲུད་འཁོར་མཉམ་སྤྱོད། ཐག་རིང་མཐུད་འགེལ། དོས་སྒམ་སྡེ་ཚན་ཅན་སོགས་མ་དཔེ་གསར་བ་གསར་གཏོད་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཚོང་དོན་ཐིན་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

7. སྐྱེལ་འདྲེན་ཁེ་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་སྐུལ་འདེད་བྱ་དགོས། རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁེ་ལས་ཀྱིས་སྒྲིག་འཛུགས་དང་ལག་རྩལ་གསར་གཏོད་སོགས་བྱས་པ་བརྒྱུད་དེ་རྒྱ་ཆེན་སྟོབས་ཆེན་དུ་གཏོང་བར་ཡར་སྐུལ་བྱས་ཏེ། རླངས་འཁོར་མེད་པའི་ཟོང་འདྲེན་འགན་ལེན་པ་ཚོད་ལྟའི་ཁེ་ལས་གཙོར་བཟུང་ནས་རྒྱ་ལམ་སྟེང་ཟོང་འདྲེན་པའི་སྣེ་ཁྲིད་ཁེ་ལས་མྱུར་བར་གསོ་སྐྱོང་བྱ་དགོས། ཟོང་འདྲེན་ཁེ་ལས་ཆུང་གྲས་ཀྱིས་མནའ་འབྲེལ་མཉམ་ལས་བྱེད་པར་ཁྲིད་སྟོན་བྱས་ཏེ་མ་ལམ་གྱི་སྐྱེལ་འདྲེན་ཞབས་ཕྱི་སྤུས་ལེགས་པོ་འདོན་སྤྲོད་བྱེད་པའི་རླངས་འཁོར་རུ་ཁག་ཆེན་མོའི་མ་དཔེ་གསར་གཏོད་དང་གོང་དུ་སྤེལ་བར་ཡར་སྐུལ་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ཡིན།)

8.“དྲ་སྦྲེལ+ཟོང་འདྲེན”གྱི་ལས་རྣམ་གསར་བ་འཕེལ་རྒྱས་སུ་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས།“གསར་གཏོད་ལ་ཡར་སྐུལ་དང་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བའི”རྩ་དོན་ལྟར། དྲ་སྦྲེལ་དང་ཟོང་སྦྲེལ་དྲ་རྒྱ། གཞི་གྲངས་ཆེན་མོ། སྤྲིན་རྩིས་སོགས་ཆ་འཕྲིན་ལག་རྩལ་སྔོན་ཐོན་ཅན་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཟོང་སྐྱེལ་གྱི་སྤྱི་པའི་ཆ་འཕྲིན་ལས་སྟེགས་ཀྱི་རྩོལ་ནུས་མྱུར་བར་འཐུས་ཚང་དུ་བཏང་ནས། ཟོང་སྐྱེལ་ཁྱབ་ཁོངས་ཀྱི་གཞི་གྲངས་ཆ་འཕྲིན་སྤེལ་རེས་དང་མཉམ་སྤྱོད་ལ་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། རླངས་འཁོར་མེད་པའི་ཟོང་འདྲེན་འགན་ལེན་པ་སོགས་རྒྱ་ལམ་སྟེང་ཟོང་འདྲེན་གྱི་ལས་རྣམ་གསར་བ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་ཟོང་འདྲེན་ཁེ་ལས་ཀྱིས་ཆ་འཕྲིན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱས་ནས“དྲ་སྦྲེལ+ཟོང་འཁོར་ཆ་སྒྲིག”དང“དྲ་སྦྲེལ+ཆེད་སྤྱོད་ལམ་ཐིག་སྡེབ་སྒྲིག”  “དྲ་སྦྲེལ+སྡེ་གླིང་སྦྲེལ་མཐུད”སོགས་མ་དཔེ་གསར་བ་འཕེལ་རྒྱས་སུ་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་དྲ་ཐོག་དྲ་ཕྱི་གཞི་གཅིག་ཅན་གྱི་ཞབས་ཕྱིའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་གསར་རྙིང་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ལས་སྟེགས་ཁེ་ལས་ཀྱིས་འགྲན་རྩོད་མེད་པར་བཟོ་བའམ་ཚོད་འཛིན་པ་དང་། ཟོང་འཁོར་ཁ་ལོ་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་ལ་སོགས་པའི་སྒེར་སྡེམ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་གཅོད་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་བཅས་ཡིན།)

(གསུམ།) རླངས་འཁོར་གྱི་སྒྲིག་ཆས་མྱུར་བར་རིམ་སྤར་སྒྱུར་བཀོད་བྱ་དགོས།

9. ཁྲའེ་སྣུམ་སྣོན་པའི་འདྲེན་འཁོར་རྙིང་བ་ཧུར་ཐག་བརྟན་བརླིང་སྒོས་འདོར་དགོས། རྒྱུན་གནོན་གཤེར་གཟུགས་ཀྱི་ཉེན་ཆེའི་ཟོང་འདྲེན་ཟོམ་འཁོར་ལ་བསྟུད་མར་ཆེད་དམིགས་བཅོས་སྐྱོང་བྱ་དགོས། ས་གནས་སོ་སོས་ཁྲའེ་སྣུམ་སྣོན་པའི་འདྲེན་འཁོར་དང་སོལ་རླངས་སྣོན་པའི་འདྲེན་འཁོར་སྔ་སྣུར་གྱིས་དོར་ནས་གསར་བརྗེའི་དམིགས་འབེན་དང་ལག་བསྟར་འཆར་གཞི་བཟོ་བར་ཡར་སྐུལ་བྱས་ནས། ཁྲའེ་སྣུམ་སྣོན་པའི་འདྲེན་འཁོར་དང་ཟད་གྲོན་ཆེ་ཞིང་ཕན་འབྲས་ཆུང་བའི་ཚད་ལྡན་མིན་པའི་རླངས་འཁོར། སྟར་འཁོར། ཟོམ་འཁོར་སོགས་ཁྲའེ་སྣུམ་སྣོན་པའི་འདྲེན་འཁོར་རྙིང་བ་དོར་ནས་ནུས་ཁུངས་གསར་བའི་ཟོང་འཁོར་ཉོས་ཚེ། རྒྱལ་ཁབ་ཀྱི་བླང་བྱ་ལྟར་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཉོ་སྒྲུབ་ཁ་གསབ་སྟེར་བའི་སྲིད་ཇུས་ལོངས་སུ་སྤྱད་ཆོག (སྣེ་འཁྲིད་མཁན་སྡེ་ཚན་ནི། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་བཅས་དང་། གཞོགས་འདེགས་བྱེད་མཁན་སྡེ་ཚན་ནི། ཞིང་ཆེན་འཚུབ་ཟློག་ཐིན་དང་ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དོངས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

10. སྔོན་ཐོན་གྱི་ཟོང་འཁོར་རིགས་ཁྱབ་གདལ་དང་བེད་སྤྱོད་གཏང་དགོས། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་འཁོར་མདའ་དབུས་སྦྱོར་ཅན་གྱི་རླངས་འཁོར་དང་སྟར་འཁོར། འཁོར་སྒམ་ཅན་གྱི་ཕྱེད་འགེལ་རླངས་འཁོར་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱ་དགོས། སྐྱེལ་འདྲེན་ནུས་པ་རྗེས་ལུས་ཅན་མྱུར་དུ་འདོར་བ་དང་། རྟགས་སེར་རླངས་འཁོར་དང་ལག་རྩལ་རིམ་པ་གཉེར་སྐྱོང་བླང་བྱ་དང་མི་མཐུན་པའི་རིགས་ཚང་མ་སྐྱེལ་འདྲེན་ཁྲོམ་ར་ནས་ཕྱིར་འཕུད་དགོས། ཟོང་འཁོར་གྱི་རིགས་ཚད་ལྡན་ཅན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ཡང་བའི་ཟོང་སྐྱེལ་སྡེབ་སྐྱེལ་རླངས་འཁོར་ལ་ནུས་ཁུངས་གསར་བའམ་ནུས་ཁུངས་གཙང་མའི་རླངས་འཁོར་སྤྱོད་པར་གང་མགྱོགས་ཀྱིས་སྐུལ་འདེད་གཏང་དགོས། ཟོང་སྐྱེལ་གླིང་ཁུལ་དང་ཐོན་ལས་གླིང་། སྡེབ་སྐྱེལ་ལྟེ་གནས་སོགས་སུ་ཆེད་སྤྱོད་གློག་གསོག་སྒྲིག་ཆས་གཅིག་བསྡུས་སྒོས་འཆར་འགོད་བྱས་ཏེ་བསྐྲུན་པར་ཡར་སྐུལ་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

11. ཟོང་འཁོར་གྱི་ཚད་བཀག་དང་ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས།ཞིང་ཆེན་གྱི་རླངས་འཁོར་གྱི་ཚད་བཀག་དང་ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ལྟ་སྐུལ་མཛུབ་ཁྲིད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། “སྲིད་གཞུང་གིས་གཙོ་འཛིན་དང་སྡེ་ཁག་གིས་མཉམ་འབྲེལ། གཏོགས་ཁུལ་གྱིས་དོ་དམ། ཕྱོགས་བསྡུས་ཀྱིས་བཅོས་སྐྱོང”བཅས་བྱེད་པའི་སྤྱིའི་བླང་བྱ་ལྟར་སྲིད་གཞུང་གི་ཚད་བརྒལ་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་ཤུགས་ཆེར་གཏོང་བ་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་ནུས་པ་ཇེ་ཆེར་བཏང་སྟེ།《མཚོ་སྔོན་ཞིང་ཆེན་གྱི་ཟོང་འཁོར་གྱི་ཚད་བཀག་དང་ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་བྱ་བར་དཔྱད་ཞིབ་བྱེད་ཐབས》ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་འཛིན་ལྟ་སྐུལ་དཔྱད་ཞིབ་བྱེད་ཤུགས་ཇེ་ཆེ་དང་ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་རྒྱ་ཆེར་གཏང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚད་བཀག་དང་ཐེག་ཚད་ལས་བརྒལ་བ་ངོས་འཛིན་པའི་ཚད་གཞི་དང་ཚད་བརྒལ་བཤེར་འཇལ་ས་ཚིགས་མཉམ་འབྲེལ་གྱིས་ཁྲིམས་འཛིན་བརྒྱུད་རིམ་ལག་བསྟར་ནན་མོ་བྱེད་པ་དང་། ཚད་བརྒལ་བཅོས་སྐྱོང་སྐོར་གྱི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏང་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་ཚད་བརྒལ་བཤེར་འཇལ་ས་ཚིགས་མཉམ་འབྲེལ་སྒོས་ཁྲིམས་འཛིན་སྟངས་ངེས་གསལ་བྱས་ཐོག་ཁྱབ་བསྒྲགས་བྱེད་པ་དང་། འབྱུང་རྩ་ནས་ཚད་བརྒལ་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་ནས“ཚད་བརྒལ་གཅིག་ལ་ཆད་པ་བཞི་གཅོད་པ”གཟབ་ནན་གྱིས་དོན་འཁྱོལ་བྱ་དགོས། མྱུར་ལམ་གྱི་རིན་བསྡུ་ས་ཚིགས་ཀྱི་འཇུག་སྒོ་རུ་ལྗིད་ཚད་བཤེར་འཇལ་དང་ཚད་བརྒལ་རླངས་འཁོར་ཕྱིར་ཟློག་པའི་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། གཞུང་ལམ་དཀྱུས་མའི་ཚད་བརྒལ་བཤེར་འཇལ་ས་ཚིགས་སུ་གློག་རྡུལ་པར་ལེན་མ་ལག་ཁྱོན་ཡོངས་ནས་སྒྲིག་སྦྱོར་བྱ་དགོས། འགག་སྒོ་བཙན་བརྒལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་ཡུན་ཕན་རྐྱེན་སྲོལ་དང་འཚུབ་ཟློག་གཅུན་སྡོམ་བྱེད་ཐབས་འཐུས་ཚང་དུ་འཛུགས་པ་དང་། རླངས་འཁོར་གྱི་ཆ་འཕྲིན་དང་ཁྲིམས་འཛིན་ཆ་འཕྲིན་ཐོན་ཁུངས་བརྗེ་རེས་དང་མཉམ་སྤྱོད་བྱེད་པར་མྱུར་བར་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

(བཞི།) ཟོང་འདྲེན་ཁྲོམ་རའི་ལས་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏང་དགོས།

12.ལས་གཉེར་མི་སྣའི་ལས་རིགས་སློབ་གསོའི་ཁོར་ཡུག་ལེགས་བཅོས་བྱ་དགོས། ཟོང་འདྲེན་ཁེ་ལས་ཀྱིས་སློབ་གྲྭ་དང་ཁེ་ལས་ལ་མཉམ་ལས་བྱས་པ་བརྒྱུད་དེ་རླངས་འཁོར་ཆེ་གྲས་ཀྱི་ཁ་ལོ་བ་མངག་ཐོ་ལྟར་གསོ་སྐྱོང་གི་རྐྱེན་སྲོལ་འཛུགས་པར་ཡར་སྐུལ་དང་། འབྲེལ་ཡོད་གཏན་འབེབས་ལྟར་རྒྱ་ལམ་སྟེང་ཟོང་འདྲེན་ཁེ་ལས་ཀྱིས་དགེ་ཕྲུག་ལམ་ལུགས་གསར་བ་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱ་དགོས། སྤྱིར་བཏང་གི་ཟོང་འདྲེན་ཁ་ལོ་བའི་དྲ་ཐོག་དང་དྲ་ཕྱི། དེ་མིན་ཡུལ་གཞན་དུ་ལས་ཞུགས་ཀྱི་རྒྱུགས་སྤྲོད་པ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། 2019ལོའི་ལོ་མཇུག་གི་སྔོན་དུ་ཟོང་འདྲེན་ཁ་ལོ་བའི་ལས་གཉེར་ཐོབ་ཐང་ལག་ཁྱེར་ལ་ཡིད་རྟོན་དཔྱད་ཞིབ་ཀྱི་འགྲོ་ལུགས་དྲ་ཐོག་ཏུ་སྒྲུབ་པ་མངོན་འགྱུར་བྱ་དགོས། རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁ་ལོ་བར་ཁྱད་པར་ཡོད་པའི་རྒྱུན་མཐུད་སློབ་གསོ་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ནས་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁེ་ལས་ཀྱིས་ཟོང་འཁོར་གྱི་ཁ་ལོ་བར་རྒྱུན་མཐུད་སློབ་གསོ་གཏོང་བར་ཡར་སྐུལ་བྱེད་པ་དང་། ས་གནས་ཀྱིས་ལས་རིགས་བསྒྱུར་བའི་ཟོང་འཁོར་གྱི་ཁ་ལོ་བར་ཡང་བསྐྱར་ལས་ཞུགས་ཀྱི་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སློབ་གསོ་ཐིན་བཅས་ཡིན།)

13. ཟོང་འཁོར་གྱི་ཁ་ལོ་བའི་ཁེ་དབང་ངེས་པ་དོན་གྱིས་སྲུང་སྐྱོང་བྱ་དགོས། 《ངལ་རྩོལ་བཅའ་ཁྲིམས》དང《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁེ་ལས་ཀྱིས་ཁྲིམས་ལྟར་རང་གིས་གླས་པའི་ཟོང་འཁོར་གྱི་ཁ་ལོ་བའི་བར་དུ་ངལ་རྩོལ་གན་རྒྱ་འཇོག་པ་མ་ཟད། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲོད་པ་དང་། ལས་བཟོ་པའི་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་བཟོ་ཚོགས་རྩ་འཛུགས་འཐུས་ཚང་དུ་བཏང་སྟེ་བཟོ་ཚོགས་ཀྱི་འགན་ནུས་འདོན་སྤེལ་བྱས་ནས། ཟོང་འཁོར་གྱི་ཁ་ལོ་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པར་སྐུལ་འདེད་བྱ་དགོས། ལས་གཉེར་མི་སྣའི་སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་བཏང་ནས་ཟོང་འཁོར་གྱི་ཁ་ལོ་བ་ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པར་སྐུལ་འདེད་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

14.གཞུང་ལམ་སྟེང་རླངས་འཁོར་སྐྱོད་སྐབས་ཀྱི་ཞག་སྡོད་ཀྱི་ཆ་རྐྱེན་བསྟུད་མར་ལེགས་བཅོས་བྱ་དགོས།སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་མ་རྩ་ཞུགས་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ནས། ཆ་རྐྱེན་འཛོམས་པའི་མྱུར་ལམ་གྱི་ཞབས་ཕྱིའི་ཁུལ་དང་ཟོང་འདྲེན་ལྟེ་གནས(ཟོང་སྐྱེལ་སྡེ་གླིང)སམ་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་གྱི་མ་ལམ་འགྲམ་རྒྱུད་དུ་རྩོལ་ནུས་སྤྱོད་གོ་ཆོད་པ་དང་གོང་བདེ་ཞིང་ཕན་ཁེ་ལྡན་པ། ཞབས་ཕྱི་སྟབས་བདེ་བའི“ཁ་ལོ་བའི་གཞིས་ཁྱིམ”སྐོར་ཞིག་བསྐྲུན་ཏེ། ཟོང་འཁོར་ཁ་ལོ་བར་རིན་གོང་འོས་འཚམ་ཡིན་ཞིང་བདེ་འཇགས་ལ་འགན་སྲུང་ཡོད་པའི་རླངས་འཁོར་སྡོད་འཇོག་དང་ཞག་སྡོད། བཟའ་བཏུང་། རླངས་འཁོར་ཞིག་གསོ་ལ་སོགས་པའི་ཞབས་ཕྱི་འདོན་སྤྲོད་བྱས་ནས། ཁ་ལོ་བར་ངལ་གསོ་བ་དང་ལུས་སེམས་གཡེང་བའི་བར་སྟོང་ལེགས་པོ་ཞིག་བསྐྲུན་དགོས། 2019ལོར“ཁ་ལོ་བའི་གཞིས་ཁྱིམ”2བསྐྲུན་ནས་བེད་སྤྱོད་ཐུབ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་སྤྱི་བདེ་ཐིན་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

(ལྔ།) ཟོང་འདྲེན་ཁྲོམ་ར་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏང་དགོས།

15. རྒྱ་ལམ་སྟེང་ཟོང་འདྲེན་པའི་རླངས་འཁོར་གྱི་སྐྱེལ་འདྲེན་ཁྲོམ་རའི་ཁོར་ཡུག་བསྟུད་མར་ལེགས་བཅོས་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཅན་ལ་དམ་པོར་དམིགས་པ་དང་། ཆེད་དམིགས་འཐབ་རྩོད་ཁྲོད་ཕྱིར་མངོན་པའི་ལས་རིགས་བཅོས་སྐྱོང་གི་ཞན་ཆར་དམིགས་ནས། རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་ཀྱི་རྙོག་ཟིང་ཆེ་བའི་སྣང་ཚུལ་ཆེད་དམིགས་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རླངས་འཁོར་ཇག་རྐུན་དང་ལམ་གྱི་གཤེད་མ། “སྲུང་སྐྱོབ་གྲོན་དངུལ”ལེན་པ་དང་རླངས་འཁོར་གྱི་འབར་སྣུམ་དང་དངོས་ཟོང་རྐུ་བ་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་བ་དང་། ཁོག་ངན་བཅངས་ནས་ཁྲིམས་འགལ་གྱིས་སྐྱེལ་འདྲེན་རྩ་འཛུགས་དང་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁྲོམ་རའི་སྒྲིག་ལམ་དཀྲུགས་པའི་བྱ་སྤྱོད་ལ་ཆད་པ་ནན་མོ་གཅད་དགོས། གཙོ་བོ་མྱུར་ལམ་གྱི་ཞབས་ཕྱི་ཁུལ་དང་ཟོང་འདྲེན་ར་བ(ཟོང་སྐྱེལ་སྡེ་གླིང)། རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་འགྲམ་རྒྱུད་ཀྱི་རླངས་འཁོར་འཇོག་ས་སོགས་ས་ཁོངས་ཀྱི་བདེ་འཇགས་དོ་དམ་ཐད་ལ་ཤུགས་སྣོན་པ་དང་། མྱུར་ལམ་གྱི་ཞབས་ཕྱི་ཁུལ་དང་ཟོང་སྐྱེལ་སྡེ་གླིང་གཉེར་སྐྱོང་དོ་དམ་སྡེ་ཚན་གྱིས་རླངས་འཁོར་འཇོག་རའི་གློག་སྒྲོན་དང་སྤྱི་སྤྱོད་ར་བའི་སོ་མིག་སོགས་སྒྲིག་ཆས་འཐུས་ཚང་དུ་སྒྲིག་སྦྱོར་བྱེད་པར་མཛུབ་སྟོན་བྱས་ཏེ། ཟོང་འཁོར་གྱི་ཁ་ལོ་བར་དེ་བས་བདེ་འཇགས་ཀྱི་ལས་གཉེར་ཁོར་ཡུག་བསྐྲུན་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

16.རིགས་དང་རིམ་པ་བཀར་ནས་དོ་དམ་བྱེད་པར་སྐུལ་འདེད་གཏང་དགོས། ཟོང་འདྲེན་ཁེ་ལས་ལ་རིགས་དང་རིམ་པ་བཀར་ནས་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་བཙུགས་ཏེ། རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁེ་ལས་དང་དེའི་རླངས་འཁོར་དང་ཁ་ལོ་བའི་འགྲིམ་འགྲུལ་ཕྱོགས་ཀྱི་ཁྲིམས་འགལ་དང་བདེ་འཇགས་ཆག་སྒོ་སོགས་འབྲེལ་ཡོད་ཆ་འཕྲིན་སྡེ་ཁག་བརྒལ་ནས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཟོང་འདྲེན་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་དང་མཉམ་སྒུལ་རྐྱེན་སྲོལ་བཙུགས་ཏེ་ཟོང་འདྲེན་ཡིད་རྟོན་ཆ་འཕྲིན་དང་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས(མཚོ་སྔོན)སུ་མཉམ་སྤྱོད་བརྗེ་རེས་བྱས་ནས། ཁ་དན་ཚིག་ལ་མི་གནས་པའི་ཁྲིམས་འགལ་གྱི་གཉེར་སྐྱོང་མཁན་ལ་ཆད་གཅོད་བསླབ་འདོམས་དང་གནས་གཏན་ཁེལ་གྱིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་ཁྲིམས་འགལ་གྱི་ཆ་འཕྲིན་མིང་ཐོ་ནག་པོའི་ནང་དུ་འགོད་པ་མ་ཟད། “ཡིད་རྟོན་ཀྲུང་གོ(མཚོ་སྔོན)”ཞེས་པའི་དྲ་ཚིགས་སུ་སྤྱི་ཚོགས་ལ་གཅིག་བསྡུས་ཀྱིས་ཡོངས་བསྒྲགས་བྱས་ནས། “གནས་གཅིག་ཏུ་ཁྲིམས་དང་འགལ་ཚེ། ག་ས་གང་དུ་བཀག་རྒྱ་ཐེབས་པར”གཏོང་བ་དང་། གནས་ཚུལ་ཚབས་ཆེ་ན། རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁྲོམ་ར་ནས་ཕྱིར་འཕུད་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དངོས་སུ་ལག་བསྟར་གྱི་འགན་འཁུར་དགོས།)

17. འཁོར་སྐྱོད་བྱེད་ཚུལ་ལ་འགུལ་རྣམ་ལྟར་ལྟ་འཇལ་བྱེད་ཤུགས་ཇེ་ཆེར་གཏང་དགོས། 

གཞི་གྲངས་ཆེན་མོ་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁྲོམ་རའི་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་འཇལ་དང་དབྱེ་ཞིབ་བྱེད་ནུས་ཆེ་རུ་གཏང་དགོས། ལས་རིགས་མཐུན་ཚོགས་དང་ཚན་ཞིབ་ལས་ཁུངས་སོགས་ཀྱིས་ཁྲོམ་རའི་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་འཇལ་བྱས་ནས། དུས་བཅད་ལྟར་སྤྱི་ཚོགས་ལ་ཟོང་སྣ་མི་འདྲ་བ་དང་རླངས་འཁོར་གྱི་རིགས་དབྱིབས་མི་འདྲ་བར་མཁོ་བའི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁྲོམ་རའི་མཁོ་འདོན་གནས་ཚུལ་དང་། སྐྱེལ་འདྲེན་གླ་ཡོན་སོགས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་བྱེད་པར་མཛུབ་སྟོན་བྱས་ནས། ཁྲོམ་རའི་སྐྱེལ་འདྲེན་ནུས་ཤུགས་ལ་དུས་ཐོག་ཏུ་ཁྲིད་སྟོན་དང་ལུགས་མཐུན་སྒོས་ཚོད་འཛིན་བྱས་ཏེ། མཁོ་འདོན་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་དང་ཁྲོམ་ར་སྐྱོན་བྲལ་དང་བརྟན་བརླིང་ཡོང་བར་བྱ་དགོས། (སྣེ་འཁྲིད་མཁན་སྡེ་ཚན་ནི། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཡིན། གཞོགས་འདེགས་བྱེད་མཁན་སྡེ་ཚན་ནི། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཁྲོམ་རར་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན།)

གསུམ། འགན་སྲུང་བྱེད་ཐབས། 

(གཅིག) རྩ་འཛུགས་དང་མགོ་ཁྲིད་ཐད་ལ་ཤུགས་སྣོན་པ་དང་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཟུགས་དགོས།རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་ནི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་གལ་ཆེན་ཞིག་ཡིན་ལ། རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་དེ་རགས་ལས་ཀྱིས་གོང་དུ་སྤེལ་བ་ནས་ལེགས་བསྡུས་ཞིབ་གཉེར་ཕྱོགས་སུ་དང་། སྲོལ་རྒྱུན་གྱི་སྐྱེལ་འདྲེན་ནས་དེང་རབས་ཀྱི་ཞབས་ཕྱིའི་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་རིམ་དུ་སླེབས་ཡོད་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་སྤུས་ལེགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་པོའི་ནུས་པ་དངོས་གནས་འདོན་སྤེལ་བྱས་ཐོག སྲིད་གཞུང་གིས་གཅིག་གྱུར་གྱིས་མགོ་ཁྲིད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ། འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད། བཟོ་ལས་དང་ཆ་འཕྲིན་ཅན། སློབ་གསོ། ཚོང་དོན། ཁྲལ་དོན། འཚུབ་ཟློག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། ཁྲོམ་རར་ལྟ་སྐུལ་དོ་དམ། འཕྲིན་གཏོང་དོ་དམ། བཟོ་ཚོགས་རྩ་འཛུགས་ལ་སོགས་པའི་སྡེ་ཁག་མཉམ་དུ་ཞུགས་པའི་རྒྱ་ལམ་སྟེང་ཟོང་འདྲེན་པའི་ལས་རིགས་ཚུལ་སྒྱུར་རིམ་སྤར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐུན་སྦྱོར་བྱ་བའི་རྐྱེན་སྲོལ་བཙུགས་ཏེ། སྐྱེལ་འདྲེན་སྒྲིག་གཞི་ལེགས་སྒྲིག་ཁྲོད་ཀྱི་གནད་དོན་ཆེན་པོར་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱ་དགོས།

(གཉིས།) ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ལྟ་འཇལ་སྔོན་དཔག་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་བསྟུད་མར་སྐུལ་འདེད་གཏོང་བ་དང་། ཁྲོམ་རར་ཞུགས་འཐུས་དང་གཙོ་གནད་ཁག་ལ་སྔོན་འགོག་ཚོད་འཛིན། ལྷུ་ཚིགས་གཙོ་བོར་ལྟ་སྐུལ་དོ་དམ་སོགས་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁྲོམ་རའི་འཁོར་སྐྱོད་ལྟ་འཇལ་རྐྱེན་སྲོལ་རིམ་བཞིན་འཐུས་ཚང་དུ་བཏང་སྟེ་སྐྱེལ་འདྲེན་ཁྲོམ་ར་གཙོ་བོ་དང་དཔེ་མཚོན་ལམ་ཐིག དཔེ་མཚོན་ཟོང་སྣ་བཅས་བདམས་ནས་གྲངས་གཞི་ཆེན་མོ་སོགས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁྲོམ་རའི་འཁོར་སྐྱོད་ལྟ་འཇལ་དང་དབྱེ་ཞིབ་ནུས་པ་ཇེ་ཆེར་གཏང་དགོས། ལས་རིགས་མཐུན་ཚོགས་དང་ཚན་ཞིབ་ལས་ཁུངས་སོགས་ཀྱིས་ཁྲོམ་རའི་འཁོར་སྐྱོད་ལྟ་འཇལ་བྱེད་པར་ཤུགས་བསྣན་ནས་རྒྱ་ལམ་སྟེང་ཟོང་འདྲེན་པའི་ཁྲོམ་རའི་མཁོ་འདོན་གནས་ཚུལ་སོགས་ཀྱི་ཆ་འཕྲིན་དུས་བཅད་ལྟར་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་པར་མཛུབ་སྟོན་བྱས་ནས། ཁྲོམ་རའི་སྐྱེལ་འདྲེན་ནུས་ཤུགས་ལ་དུས་ཐོག་ཏུ་ཁྲིད་སྟོན་དང་ལུགས་མཐུན་གྱིས་སྙོམ་སྒྲིག་ཚོད་འཛིན་བྱས་ཏེ་མཁོ་འདོན་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་བྱ་དགོས།

(གསུམ།) གླེང་ཕྱོགས་དྲིལ་བསྒྲགས་ཐད་ལ་ཤུགས་སྣོན་པ་དང་སྔོན་ལ་ཚོད་ལྟའི་དཔེ་སྟོན་བྱེད་པར་སྐུལ་འདེད་གཏང་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དོན་དངོས་དང་སྦྲེལ་ཅིང་ཡུལ་བབ་དང་བསྟུན་ཏེ། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་ཞིང་རྨང་གཞིའི་ཆ་རྐྱེན་ལེགས་པའི་ས་ཁུལ་དུ་ཚོད་ལྟའི་དཔེ་སྟོན་བྱ་བ་བསྒྲུབ་དགོས། དཔེ་སྟོན་འཛུགས་སྐྲུན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་བརྒྱུད་དེ་སྒྲིག་སྲོལ་རྐྱེན་སྲོལ་དང་སྐྱེལ་འདྲེན་རྩ་འཛུགས་བྱེད་སྟངས། ཆ་འཕྲིན་དོ་དམ་ཞབས་ཕྱི། ཁྲོམ་ར་གསོ་སྐྱོང་དང་ཚད་དང་ལྡན་པར་གོང་དུ་སྤེལ་སྟངས་སོགས་གསར་གཏོད་བྱ་དགོས། དེ་དང་ཆབས་ཅིག་ཏུ་འབྲེལ་ཡོད་སྲིད་ཇུས་དང་བྱ་བའི་ཕན་འབྲས་དྲིལ་བསྒྲགས་དང་སྤེལ་གཏོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྨྱན་སྦྱོར་གསར་བའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པའི་ལས་རིགས་ཀྱི་ཚ་གནད་དང་དཀའ་གནད། འགག་གནད་བཅས་ལ་དུས་ཐོག་ཏུ་ཨ་ལན་བྱིན་ཐོག དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་བཏང་ནས་ཟོང་འདྲེན་ལས་རིགས་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་གླེང་ཕྱོགས་ཀྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས།

ལག་བསྟར་བསམ་འཆར་འདི2019ལོའི་ཟླ10བའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་དགོས།