ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཉོ་ཚོང་གི་གྱོད་དོན་ཞིག་གཏོར་པ།

རང་རེའི་དྲ་བའི་འཕྲིན། ཟླ12ཚེས10ཉིན། ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་མང་ཚོགས་ཀྱི་ཞུ་གཏུག་གཞིར་བཟུང་སྟེ། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་བསྡུ་བྱེད་པ་དང་སྐྱེལ་འདྲེན། ཉོ་འཚོང་བྱེད་པའི་གྱོད་དོན་ཞིག་མགྱོགས་མྱུར་ངང་གཏོར་ཐུབ་པར་གྱུར། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་ཀྱི་ཁོངས་སུ་གཏོགས་པའི་སྲོག་ཆགས་སྟེ་ཐང་གཞོང་གི་རྩངས་པ་དང་ཐའེ་ཅ་དམར་པོ། མེ་གླིང་གི་ཚེར་མཇུག མདོག་འགྱུར་ད་བྱིད་བཅས་གཅིག་རེ། བསེ་རུ། སྐམ་སའི་རུས་སྦལ་སུག་དམར། ཡ་ལ་ཏ་ཡི་གླང་ཆེན་དང་རུས་སྦལ་གཉིས་བཅས་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་འདི་དག་དུས་ལྟར་མྱུར་སྐྱོབས་ནུས་ལྡན་བྱེད་པར་འགན་སྲུང་ཁག་ཐེག་བྱ་ཆེད། ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས་ཉིན་དེར་རི་སྐྱེས་སྲོག་ཆགས་འདི་དག་དུས་ལྟར་བྱིས་པའི་ཕུགས་འདུན་སྤྲོ་སྐྱིད་གླིང་ཀ་རུ་བསྐྱལ་ཏེ་ཟི་ལིང་གི་རྒྱ་མཚོའི་འཇིག་རྟེན་དུ་མྱུར་སྐྱོབ་བྱས་པ་རེད། སྲོག་ཆགས་ཆུང་ཆུང་འདི་དག་དང་ལེན་བྱས་རྗེས་བྱིས་པའི་ཕུགས་འདུན་སྤྲོ་སྐྱིད་གླིང་ཀའི་ཟི་ལིང་རྒྱ་མཚོའི་འཇིག་རྟེན་གྱི་གཟན་སྟེར་གསོ་སྐྱོང་མཁན་གྱིས་ཁོ་ཚོའི་ལུས་པོའི་རིང་ཚད་དང་ལྗིད་ཚད། སྲོག་ཆགས་ཀྱི་གཟུགས་དབྱིབས་སོགས་ཟིན་ཐོར་བཀོད་དེ། སྲོག་ཆགས་ནུར་བགྲོད་གློག་འབྱེད་རྫས་ལ་བརྟེན་ནས་རྩངས་པའི་གསོན་ཤུགས་ཀྱི་ཆུའི་ཆ་ཤས་ཁ་གསབ་བྱས། ཤུན་པ་འབུད་ཐུབ་མེད་པའི་རྩངས་པ་དག་ལ་མིས་རྩོལ་བར་བརྟེན་ནས་ཤུན་པ་འབུད་རོགས་བྱས་ཏེ། ཆེས་ལེགས་པོའི་གནས་བབ་འོག་ཟི་ལིང་རྒྱ་མཚོའི་འཇིག་རྟེན་དུ་འཚོ་བ་བསྐྱལ། གསར་དུ་བསྡུ་རུབ་བྱས་པའི་སྲོག་ཆགས་འདི་དག་གིས་གཞན་རྟེན་སྲིན་འབུ་དང་འགོས་ནད་ཁྱེར་འོངས་བར་འགོག་སྲུང་དང་། རྒྱ་མཚོའི་འཇིག་རྟེན་གྱི་གདོད་མའི་གཞིས་སྡོད་པ་ལ་བདེ་ཐང་གི་འཚོ་བའི་ཁོར་ཡུག་ཞིག་བསྐྲུན་པར་འགན་སྲུང་ཁག་ཐེག་བྱ་ཆེད། སྲོག་ཆགས་སྐོར་ཞིག་གནས་སྐབས་སུ་བཀག་སྐྱིལ་བྱས་ཏེ་གསོ་སྐྱོང་བྱས། བཀག་སྐྱིལ་དུས་ཡུན་མཇུག་རྫོགས་རྗེས་སྲོག་ཆགས་འདི་དག་འཕྲོ་རིམ་འཕྲོར་ཀུན་གྱི་མིག་ལམ་དུ་མངོན་པས། ཚང་མས་ཟི་ལིང་རྒྱ་མཚོའི་འཇིག་རྟེན་གྱི་གཅེས་ནོར་ཁུལ་དུ་ཐག་ཉེ་ས་ནས་དེ་དག་མཐོང་ཐུབ། ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས་གསལ་འདེབས་བྱེད་རྒྱུར། གང་ལྟར་རིན་ཐང་བྲལ་བ་དང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གང་ཡིན་རུང་ཁྲིམས་འགལ་གྱིས་ཉོ་འཚོང་བྱེད་པ་དང་། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་བཙོངས་པ་སོགས་ཡོད་ཚད་ཁྲིམས་འགལ་ནག་ཉེས་སུ་གཏོགས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།