གསར་དུ་གཏན་འཁེལ་བྱས་པའི་སྨན་རིན་གྱི་ཚད་གཞི་ལག་བསྟར་བྱ་རྒྱུ་རེད།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་རྩོལ་རྨས་འགན་སྲུང་། བུ་བཙས་འགན་སྲུང་གི་སྨན་རྫས་དཀར་ཆག (2019པར་གཞི)》(གཤམ་ནས《སྨན་རྫས་དཀར་ཆག 》ཞེས་བསྡུ་རྒྱུ)སྒྲིག་བཟོ་དཔར་འགྲེམ་བྱས་ཏེ། 2020ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། 《སྨན་རྫས་དཀར་ཆག 》དེ་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་སྒོས། མི་རིགས་ཀྱི་གསོ་རིག་ཆེད་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ལ་སྙན་ཞུ་ཕུལ་ཏེ་དཔྱད་ཞིབ་གྲོས་འཆམ་བྱུང་རྗེས་སྒྲིག་བཟོ་བྱས་པ་ཞིག་ཡིན་ཞིང་། 《སྨན་རྫས་དཀར་ཆག 》ནི་གཞི་རྩའི་སྨན་བཅོས་འགན་སྲུང་དང་རྩོལ་རྨས་འགན་སྲུང་། བུ་བཙས་འགན་སྲུང་མ་དངུལ་གྱིས་རྩིས་ཞུ་བྱེད་པའི་གསར་དུ་གཏན་འཁེལ་བྱས་པའི་སྨན་རིན་གྱི་ཚད་གཞི་ཞིག་ཡིན་པ་རེད།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བཏོན་པའི་བླང་བྱ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ། ཡུལ་ཚོའི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་མཁན་གྱིས《སྨན་རྫས་དཀར་ཆག 》གཅིག་གྱུར་སྒོས་ལག་བསྟར་བྱ་དགོས་ཤིང་། གྲོང་ཁྱེར་དང་ཁུལ་སོ་སོས་དཀར་ཆག་ལ་ལེགས་སྒྲིག་དང་བཟོ་བཅོས་བརྒྱབ་ནས་དཀར་ཆག་ཁྲོད་ཀྱི་སྨན་རྫས་ཇེ་མང་དུ་བཏང་མི་ཆོག་ལ། 《སྨན་རྫས་དཀར་ཆག 》ཁྲོད་ཚད་བཀག་བཟོས་པའི་སྨན་རིན་དང་ཀྲུང་ལུགས་གསོ་རིག་གི་འབྲེལ་ཡོད་གཏན་འབེབས་གཟབ་ནན་སྒོས་ལག་བསྟར་བྱ་དགོས་པར་བསྟན་ཡོད།

རྒྱལ་ཁབ་ཀྱིས་རིན་མེད་སྒོས་འདོན་སྤྲོད་བྱེད་པའི་ཨེ་ཙི་ནད་དུག་འགོག་སྨན་དང་རྒྱལ་ཁབ་ཀྱི་སྤྱི་གཞུང་འཕྲོད་བསྟེན་ལས་གཞི་ཁྲོད་ཀྱི་གཅོང་ནད་འགོག་སྨན། འདར་ནད་འགོག་སྨན། ཁྲག་འཇིབ་འབུ་ནད་འགོག་སྨན་བཅས་གཞི་རྩའི་སྨན་བཅོས་འགན་སྲུང་དང་རྩོལ་རྨས་འགན་སྲུང་། བུ་བཙས་འགན་སྲུང་མ་དངུལ་གྱི་ཁོངས་སུ་མི་འདུ་བས་འགན་སྲུང་དངུལ་སྤྱད་ནས་གྲོན་དངུལ་སྤྲད་མི་ཆོག་པར་བཟོས་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།