མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྨན་ཁང་ཁྲི2ལ་ཞིང་ཆེན་བརྒལ་ཏེ་སྨན་བཅོས་བྱས་ན་ཐད་ཀར་རྩིས་རྒྱག་ཆོག་པ་མངོན་འགྱུར་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ12ཚེས4ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་ཤེས་གསལ་ལྟར་ན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན30ལྷག་གི་སྨན་བཅོས་ལས་ཁུངས་ཁྲི2ལ་ཞིང་ཆེན་བརྒལ་ཏེ་ཞག་སྡོད་བྱས་ན་ཡང་སྨན་རིན་ཐད་ཀར་དུ་རྩིས་ཞུ་བྱེད་པ་མངོན་འགྱུར་བྱས་ཤིང་། མི་འགྱངས་བར་ཞིང་ཆེན་ནང་ཁུལ་གྱི་སྨན་ཁང1087རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་སྨན་བཅོས་རིན་དངུལ་རྩིས་སྤྲོད་དྲ་རྒྱའི་ཁྲོད་ཞུགས་སྟེ། སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་བྱས་པའི་མང་ཚོགས་ཀྱིས་ཞིང་ཆེན་བརྒལ་ཏེ་སྨན་ཁང་དུ་ཞག་སྡོད་བྱས་ན་ཡང་། སྨན་རིན་རྩིས་ཞུ་བྱེད་པའི་ཐད་ཀྱི་དགོས་མཁོ་བསྐང་རྒྱུ་ཡིན་པ་རེད།

ཞིང་ཆེན་བརྒལ་ཏེ་ས་ཁུལ་མི་འདྲ་བ་དག་ལ་མྱུར་སྐྱོབས་བྱེད་དུ་འཇུག་པའི་དགོས་མཁོ་དང་། དུས་ཡུན་རིང་བོར་ཞིང་ཆེན་གཞན་དུ་སྡོད་པའི་མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་དམངས་ཀྱིས་འབྲེལ་ཡོད་སྡེ་ཁག་གི་སྙན་སེང་ཐོ་འགོད་བྱས་རྗེས། རང་གི་སྨན་བཅོས་འགན་སྲུང་བྱང་བུ་བཟུང་ནས་ཞིང་ཆེན་གཞན་དུ་གཏན་ཁེལ་བྱས་ཡོད་པའི་སྨན་བཅོས་སྒྲིག་འཛུགས་ལས་ཁུངས་སུ་སོང་སྟེ་ཐད་ཀར་དུ་སྨན་བཅོས་བྱས་རྗེས་སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་བྱེད་སའི་ས་ཁུལ་དུ་ཕྱིར་ལོག་སྟེ་སྨན་བཅོས་རིན་དངུལ་རྩིས་ཞུ་བྱེད་མི་དགོས། ད་ལོའི་ཟླ10པའི་ཟླ་མཇུག་བར། ཞིང་ཆེན་བརྒལ་ཏེ་ས་ཁུལ་མི་འདྲ་བ་དག་ནས་སྨན་རིན་རྩིས་སྤྲོད་བྱས་པའི་ཞབས་ཞུའི་མི་གྲངས་ཁྲི2.4ལ་བུད་པ་དང་། དེ་ནི་ལོ་སྔོན་མ་དང་སྡུར་ན62.81%ཡིན། སྨན་བཅོས་འགན་སྲུང་ཐེབས་རྩའི་མ་དངུལ་སྒོར་དུང་ཕྱུར3.35བཏང་ཡོད་ལ། དེ་ནི་ལོ་སྔོན་མ་དང་སྡུར་ན60.19%ཡིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་རྩ་འཛུགས་བྱས་པའི་ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོར་སྨན་བཅོས་རྩིས་སྤྲོད་དང་ཞིབ་བཤེར་རྩ་འཛུགས་བརྒྱུད། གོམ་གང་མདུན་སྤོས་སྒོས་ས་ཁུལ་གང་དེའི་སྨན་བཅོས་འགྲོ་ལུགས་སྒྲིག་སྲོལ་ཅན་ཏུ་བཏང་ཡོད། དེ་དང་ཆབས་ཅིག ས་ཁུལ་མི་འདྲ་བ་དེ་དག་གི་སྨན་བཅོས་འགྲོ་ལུགས་དང་བྱ་བའི་འགྲོ་ལུགས་སྟབས་བདེ་ཅན་དུ་བཏང་སྟེ། ཕྱི་རུ་ཞོར་ལས་གཉེར་བའི་མི་སྣ་དང་མཚོ་སྔོན་ལ་ལས་ཞུགས་ལས་གཏོད་བྱེད་དུ་འོངས་བའི་ན་གཞོན། ཡུལ་གཞན་གནས་སྤོར་ལས་འཁྱུར་ངལ་རྩོལ་བྱས་པའི་མི་སྣ། རྨས་སྐྱོན་ལྕི་མོ་དང་ནད་པ་ཚབས་ཆེན་ལ་ས་གནས་གཞན་ནས་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན།

དེ་ལས་གཞན། མཚོ་སྔོན་གྱིས་ད་རུང་ཧྲང་ཧེ་དང་པེ་ཅིན་སོགས་ས་ཁུལ་མི་འདྲ་བ་དག་ལ་མཉམ་འབྲེལ་བྱས་ཏེ། སྨན་བཅོས་མཉམ་འབྲེལ་གྱི་སྒྲིག་གཞི་གསར་བ་ཧུར་ཐག་གིས་འཛུགས་སྐྲུན་སྒོས་མང་ཚོགས་ཀྱིས་གནས་གཞན་ནས་སྨན་བཅོས་བྱེད་པའི་ཞབས་ཞུའི་ནུས་པ་ལེགས་སྒྱུར་བྱས། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཐེངས་རྗེས་མར་མུ་མཐུད་དུ་སྨན་བཅོས་འགན་སྲུང་དབུལ་སྐྱོར་བྱ་བ་དེ་མུ་མཐུད་དུ་དམ་འཛིན་སྒོས། དབུལ་ཁྱིམ་ཡིག་ཚས་ཅན་གྱི་དབུལ་ཕོངས་དུད་ཁྱིམ་ཡོད་ཚད་སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་བྱེད་པར་འགན་སྲུང་དང་། སྨན་བཅོས་སྲིད་ཇུས་ཡོད་ཚད་ལོངས་སུ་སྤྱོད་པ། ཞག་སྡོད་རིན་དངུལ་རྩིས་ཞུ་བྱེད་པའི་ཚད90%ལ་སླེབས་སུ་བཅུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།