“མཚོ་སྔོན་གྱི་སྐམས་ཤ། མཐོ་སྒང་གི་ཟས་མཆོག”ཞེས་པའི་མཚོ་སྔོན་ནོར་ནག་སྤྱི་གཞུང་ཚོང་རྟགས་འགྲེམ་ཚོགས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ12པའི་ཚེས7ཉིན། “མཚོ་སྔོན་གྱི་སྐམས་ཤ། མཐོ་སྒང་གི་ཟས་མཆོག”ཞེས་པའི་མཚོ་སྔོན་ནོར་ནག་སྤྱི་གཞུང་ཚོང་རྟགས་འགྲེམ་ཚོགས་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས་ཤིང་། ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། པེ་ཅིང་ཧྥང་ཡོན་ཚོང་རྟགས་ཀྱི་ཚོང་གཉེར་ལས་ཁུངས། རྒྱལ་ཁབ་ཟས་རིགས་འཚོ་བཅུད་བློ་འདྲི་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ནོར་ནག་ཐོན་ལས་ཁེ་ལས་ཀྱི་འགན་འཁུར་པ། ཀྲུང་དབྱང་བརྙན་འཕྲིན་ཁང་། ཤིན་ཧྭ་གསར་འགྱུར་དང་མི་དམངས་ཉིན་རེའི་ཚགས་པར་སོགས་རྒྱལ་ནང་གི་སྨྱན་སྦྱོར་ལས་ཁུངས60ལྷག་ཐེངས་འདིའི་ཚོང་རྟགས་འགྲེམ་ཚོགས་སྟེང་ཞུགས་པ་རེད།

རྒྱུས་ལོན་པ་ལྟར་ན། རང་རྒྱལ་ནི་ནོར་ནག་ཆེས་མང་པའི་རྒྱལ་ཁབ་ཡིན་ཞིང་། མཚོ་སྔོན་ནི་འཛམ་གླིང་སྟེང་ནོར་ནག་འཚོ་སྡོད་བྱེད་སའི་ཆེས་ཆེ་བའི་ས་ཁུལ་ཡིན་པས། “འཛམ་གླིང་གི་ནོར་ནག་ཕ་ས”ཞེས་པའི་མཚན་བཟང་བསྐྲུན་པར་ལེགས་ཆ་ངེས་ཅན་ཞིག་ལྡན་པ་རེད། ས་གནས་མི་རིགས་ཀྱི་ཁྱད་ཆོད་ལྡན་ཞིང་ཁྱད་ལྡན་ཚོང་རྟགས་ཀྱི་སྐམས་ཤའི་ཐོན་རྫས་དང་ལུས་གསོ་ཐོན་རྫས། ཁུལ་རྩིད་སོགས་ནོར་ནག་གི་ཕྱོགས་བསྡུས་བེད་སྤྱོད་ཐོན་ཁུངས་གསར་སྤེལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དར་སྤེལ་བྱེད་ཐུབ་པ་ནི་སྨྲས་མ་དགོས། ནོར་ནག་གི་དཔལ་འབྱོར་དང་རིག་གནས་གོང་འཕེལ་གཏང་རྒྱུ་དེ། ས་ཁོངས་རང་བཞིན་གྱི་དཔལ་འབྱོར་དང་ཆིག་རྐྱང་གི་རིག་གནས་ཞིག་མ་ཡིན་པར། དེ་ནི་མི་རིགས་ཞིག་གི་དཔལ་འབྱོར་དང་རིག་གནས་གོང་སྤེལ་གཏོང་བའི་དོན་ཆེན་ཞིག་ཡིན་པ་རེད།

ད་སྔར། ནོར་ནག་གི་ཐོན་ལས་མཚོ་སྔོན་ཞིང་ཆེན་གྱི་སྣེ་ཁྲིད་ཁེ་ལས་སུ་གྱུར་ཟིན། པེ་ཅིང་ཧྥང་ཡོན་སྤྱི་ཁྱབ་འགན་འཛིན་པ་ལིས་མེན་ལི་ཡིས་བཤད་རྒྱུར། མཚོ་སྔོན་གྱིས“མཚོ་སྔོན་གྱི་སྐམས་ཤ། མཐོ་སྒང་གི་ཟས་མཆོག”ཞེས་པའི་ཚོང་རྟགས་འཐབ་ཇུས་གཏན་འཁེལ་བྱས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ནོར་ནག་གི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་ལ་བརྟེན་ཏེ། “འཛམ་གླིང་གི་ནོར་ནག་ཕ་ས”ཞེས་པའི་ས་ཁོངས་ཀྱི་སྤྱི་གཞུང་ཚོང་རྟགས་འཛུགས་པར་རྨང་གཞི་བརྟན་པར་གདིང་དགོས་པར་མ་ཟད། ཟས་རིགས་མགོ་ཁོངས་ཀྱི་སྤུས་ཚད་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་ན། མཚོ་སྔོན་གྱི་ཞིང་སྡེའི་དར་སྤེལ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་ཞེས་བསྟན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།