ཡུལ་ཤུལ་ཁུལ་གྱིས་མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གསར་སྐྲུན་བྱས་པ།

རང་རེའི་དྲ་བའི་འཕྲིན། ཟླ12ཚེས3ཉིན། “གཙང་གསུམ་འབྱུང་ཡུལ། དྭངས་གཙང་གི་ཡུལ་ཤུལ”ཞེས་པའི་རིག་གནས་ཡུལ་སྐོར་འོས་སྦྱོར་གྲོས་ཚོགས་དེ་ཟི་ལིང་དུ་བསྡུས།

ཐེངས་འདིའི་ཡུལ་སྐོར་འོས་སྦྱོར་བྱ་འགུལ་གྱིས་ཡུལ་ཤུལ་དང་ཟི་ལིང་བར་གྱི་རིག་གནས་ཡུལ་སྐོར་སྦྲེལ་བའི་ཟམ་པ་གསར་འཛུགས་དང་། ས་ཁུལ་མི་འདྲ་བ་གཉིས་ཀྱི་ཡུལ་སྐོར་ཁེ་ལས་མཉམ་ལས་བརྒྱུད། ཡུལ་ཤུལ་ས་ཁུལ་གྱི་ཡུལ་སྐོར་དེ་དར་སྤེལ་ལ་སླེབས་པ། ནུབ་བྱང་ས་ཁུལ་གྱི་ཡུལ་སྐོར་དམིགས་འབེན་དེ་གསར་སྤེལ་བྱེད་པ། ཡུལ་ཤུལ་དང་ཟི་ལིང་བར་གྱི་རིག་གནས་ཡུལ་སྐོར་བསམ་བློ་བརྗེ་རེས་བྱེད་པའི་དམིགས་འབེན་ལ་ཤུགས་བསྣན་པ་རེད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་ལྷོ་ནུབ་སྟེ་མདོ་དབུས་མཐོ་སྒང་གི་ལྟེ་བ་རུ་ཡོད་ལ། ཆ་སྙོམས་བྱས་ན་མཚོ་ངོས་ཀྱི་མཐོ་ཚད་སྨི4200ཡི་ཡན་ཡིན། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གཙང་བོ་ཆེན་པོ་གསུམ་གྱི་འགོ་ཁུངས་ཡང་ཡིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ས་ཁུལ་དང་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་ནི་རྒྱལ་ཡོངས་ནས་གསར་འཛུགས་བྱས་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་གཉིས་པ་སྟེ། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ30ཡི་ཁྲོད་ནས་མི་རིགས་ཀྱི་སྡུར་ཚད་ཆེས་མང་པ་དང་མཚོ་ངོས་ལས་ཆེས་མཐོ་པ། མི་འདུས་སྡོད་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་སྐྱེ་ཁམས་གོ་གནས་ཆེས་གལ་ཆེ་བའི་རང་སྐྱོང་ཁུལ་ཡང་ཡིན།

ལོ་འདི་དག་གི་རིང་ལ། ཡུལ་ཤུལ་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་བཅོས་སྒྱུར་གྱི་ལས་འགན་གཙུག་ཏུ་བཟུང་ནས། རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱི་འཐབ་ཇུས་བཀོད་སྒྲིག་གསར་འཛུགས་སྒོས། ཡུལ་ཤུལ་གྱི་ཡུལ་སྐོར་ཐོན་ལས་དེ་སྤུས་ཚད་མཐོན་པོའི་ཕྱོགས་ལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་རེ་འདུན་སྙན་ཞུ་ལེགས་འགྲུབ་བྱུང་། ཡུལ་ཤུལ་གྱི་སྲོལ་རྒྱུན་རྟ་རྒྱུག་འགྲན་སྡུར་དུས་ཆེན་དང་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན། གཙང་གསུམ་འབྱུང་ཡུལ་ཆུའི་རིག་གནས་དུས་ཆེན། ཡུལ་ཤུལ་གྱི་མཐོ་སྒང་འཛམ་གླིང་རྒྱང་འཕེན་འགྲན་སྡུར། ཡུལ་ཤུལ་ཡུལ་སྐོར་མཐོ་རིམ་དཔྱད་གླེང་སོགས་བྱ་འགུལ་གྱི་མིང་གྲགས་ཚད་གཞི་མཐོར་འདེགས་སུ་བཏང་། ཡུལ་ཤུལ་ཡུལ་སྐོར་བྱ་གཞག་ཉིན་རེ་བཞིན་དར་རྒྱས་བྱུང་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་དེ་གོམ་གང་མདུན་སྤོས་སྒོས་མཉམ་བསྲེས་འཕེལ་རྒྱས་སུ་བཏང་ནས། ཡུལ་ཤུལ་གྱིས་རིག་གནས་ཀྱི་གཡུལ་ས་གསར་སྐྲུན་དང་ཉོ་ཚོང་ས་གནས་གལ་ཆེན། རྒྱལ་སྤྱིའི་མིང་གྲགས་ཀྱི་ཚད་གཞི། རྒྱལ་ནང་གི་མིང་གྲགས་ཚད་གཞི། ཞིང་ཆེན་ནང་ཁུལ་གྱི་མཐོ་སྒང་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་འབེན་བཅས་ཀྱི་དམིགས་འབེན་དེའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་པ་རེད།

ངོ་སྤྲོད་ལས་ཤེས་གསལ་ལྟར་ན། 2018ལོར་ཁུལ་ཡོངས་ནས་ཡུལ་སྐོར་འགྲུལ་བ་ཁྲི111.7སྣེ་ལེན་བྱས་ཤིང་། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར7.3ལ་སླེབས་ནས། ཆ་སྙོམས་འཕར་ཚད་ནི26.3%ཡིན། དེའི་མི་ཚད་ཡུལ་ཤུལ་གྲོང་ཁྱེར་ལ་སྔ་གཞུག་ཏུ“2018ལོར་འགུག་ཤུགས་ཆེ་བའི་སྐྱེ་ཁམས་ལྗོངས་ཁུལ”དང“2018ལོའི་འགུག་ཤུགས་ཆེ་བའི་རིག་གནས་ཡུལ་སྐོར་དབུལ་སྐྱོར་གྲོང་ཁྱེར།” “2018ལོའི་ཀྲུང་གོའི་འགུག་ཤུགས་ཆེ་བའི་གྲོང་ཁྱེར10ཡི་ཡ་གྱལ”སོགས་ཀྱི་མཚན་སྙན་ཐོབ་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།